R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥ན
[A:༥ན]དྲྭ་བ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་དང་གསུམ་ལས། དང་པོ་ལ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། རབ་ཞི་བཤེས་གཉེན། སྨྲྀརྟི་རྣམས་ཀྱིས་འགྲེལ་པ་རེ་མཛད་དེ་ཡོ་གར་བཀྲལ། དཔལ་དུས་ཀྱི་འཁོར་ལོའི་དཔལ་ལྡན་འབྲས་སྤུངས་ཀྱི་དབང་བསྐུར་བཅུ་གཉིས་བྱ་བའི་ནང་དུ་རྣམ་སྣང་སྒྱུ་དྲྭའི་དབང་ཞིག་བྱུང་བར་བཤད་ཀྱང་དེང་སང་ཆད་ནས་དེའི་བཀའ་མི་བཞུགས། ཕྱིས་སུ་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གོང་ཙམ་དུ་འདིའི་དབང་བླ་མ་ཁ་ཅིག་གིས་མཛད་པར་གྲགས་ཀྱང་འཐད་ལྡན་མིན་པར་བཤད་ལ། གང་ལྟར་ཀྱང་རྣམ་སྣང་སྒྱུ་དྲྭ་འདི་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་རས་རྡོ་རྗེ་ཕྲེང་བར་རྣལ་འབྱོར་བླ་མེད་དུ་བཤད་པ་ལྟར་འདི་བླ་མེད་ཕ་རྒྱུད་ཀྱི་ཁོངས་སུ་བསྡུ་དགོས་སོ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ནི་ཁྲི་དྲུག་སྟོང་པའི་དུམ་བུ་མཚན་ཡང་དག་པར་བརྗོད་པ་སྟེ། འདི་ལ་ཡང་ཡོ་གར་བཀྲལ་བ་དང་། བླ་མེད་དུ་བཀྲལ་བ་ལ་སོགས་བཤད་སྲོལ་དྲུག་ཙམ་ཞིག་ཡོད་དེ། སྡོམ་གསུམ་རབ་དབྱེ་ལས། མཚན་བརྗོད་བཤད་པ་ལུགས་དྲུག་དང་། །ཞེས་གསུངས་པས་སོ། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་ནི། རྩ་བའི་རྒྱུད་གསང་བའི་སྙིང་པོ་སོགས་ཏེ། འདི་འགའ་ཞིག་གིས་རྨ་རིན་ཆེན་མཆོག་གིས་བརྩམས་པས་རྒྱུད་མིན་གསུངས་ཀྱང་། གསང་བའི་སྙིང་པོ་ནི་རྒྱུད་རྣམ་དག་ཡིན་ཏེ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས། གསང་བའི་སྙིང་པོ། སྒྱུ་འཕྲུལ་བརྒྱད་ཅུ་པ། ལྷ་མོ་སྒྱུ་འཕྲུལ། ཐབས་ཀྱི་ཞགས་པ་རྣམས་རྒྱུད་རྣམ་པར་དག་པ་འདྲ། ལྷག་མ་ལེགས་པར་བརྟགས་ལ་གྱིས། ཞེས་གསུངས་པས་འཁྲུལ་པ་མེད་དོ། །སྤྱིར་རྙིང་མ་པ