R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦ན
[A:༥༦ན] དཔང་པོ་རྒྱལ་པོ་དང་གསུམ་གྱི་ཁྲི་བཤམས་ཏེ་རྩོད་པ་བྱས་པས་སློབ་དཔོན་ཞན་ཞན་འདྲ་ནས། ཐུགས་ལ་ང་ལྟ་བུའི་སྨྲ་བའི་དབང་ཕྱུག་ཞན་པ་ལྟར་འདུག་པ་ཅི་ཡིན་སྙམ་དུ་བསམ་པས། སྔར་སློབ་དཔོན་ཏཻ་ལོ་པའི་གསུང་ཡོད་པ་དེ་བཅག་པའི་ཉེས་པ་དྲན་ནས་བཟོད་གསོལ་བྱས་ཏེ་ཡིད་ཀྱིས་གསོལ་བ་བཏབ་པས་ཏཻ་ལོ་པའི་ཕྱག་གཡོན་པར་མིའི་ཐོད་པ་བཅད་མ་ཁད་ཅིག་ཐོགས་ནས་བྱོན་པ་ལ། ནཱ་རོ་པས་ཕྱག་འཚལ་བས། སྙིང་རྗེ་དང་བྲལ་བ་སྲིན་པོའི་གཟུགས་ཅན་འདི་ལྟ་བུ་ལ་ཕྱག་འཚལ་བ་དེ་ཉིད་ཀྱི་ཕམ་པའི་གནས་སུ་གྱུར་ཏོ་ཟེར་བ་ལ། ཏི་ལོ་པས་ཕམ་ཕམ་ཞེས་གསུངས་ནས། ཁོའི་ལྷ་ཁང་མཆོད་རྟེན་གྱི་གཟུགས་འདྲ་བ་ཟུར་བརྒྱད་དང་གསུམ་ཐོག་ཡོད་པ་ལ་སྡིགས་མཛུབ་ལན་གསུམ་མཛད་པས་ཐོག་གསུམ་ཀ་འགྱེལ་བས་གཅེར་བུ་བ་རྣམས་སྐྲག་ཏེ་ཐམས་ཅད་ཀྱིས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་གཅེར་བུ་པ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །དེ་ནས་ཏཻ་ལོ་པས་ནཱ་རོ་པ་ལ། ད་ཁྱོད་ཀྱིས་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད་ཀྱི། ཆོས་སྟོན་ཅིག་འགྲོ་བ་མང་པོ་ལ་ཕན། ཁྱོད་བས་ཀྱང་སློབ་མ་དང་། དེའི་སློབ་མ་ནས་མར་རིམ་པ་བཞིན་དུ་ཕན་ཇེ་ཆེར་འགྱུར་ལ། བར་དོར་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནཱ་རོ་པས་བཤད་སྒྲུབ་གཉིས་ཀ་མཛད་པས་རྟོགས་པ་འཁྲུངས་ནས། འཆར་བ་མེད་ཅིང་ནུབ་པ་མེད། །ཉིན་མོ་མེད་ཅིང་མཚན་མོའང་མེད། །ཅེས་སོགས་ཀྱི་རྟོགས་བརྗོད་ཀྱི་གླུ་ཡང་གསུངས་སོ། །དེ་ལྟ་བུའི་། ཇོ་བོ་ནཱ་རོ་ཏ་པས་ཕྱག་རྒྱ་ཆེན་།