R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦བ
[A:༥༦བ] པོ་མཆོག་གི་དངོས་གྲུབ་དུས་དེར་མ་ཐོབ་ཀྱང་། རྒྱལ་པོ་དཔུང་དང་བཅས་པ་རེངས་པར་བྱེད་པ་དང་། ཚོགས་འཁོར་གྱི་དུས་སུ་ནི་ཤིང་ཏོག་ལ་སོགས་པ་དགུག་ནུས་པ་དང་། སྦྱིན་སྲེག་གི་ཚེ་ཐབ་ཀྱི་ནང་དུ་ལྷ་སུམ་ཅུ་རྩ་གཉིས་ཞལ་བལྟ་ནུས་པ་ལ་སོགས་པ་ཏིང་ངེ་འཛིན་གྱི་རྟོགས་པ་བརྟན་པར་ཐོབ་པས། པུར་སྦྱངས་པའི་ཤུལ་དུ་ཡང་ཟླ་བ་རེ་རེ་བཞིན་རོལ་མོའི་སྒྲ་དང་། མེ་ཏོག་གི་ཆར་ལ་སོགས་པའི་ལྷའི་མཆོད་པ་ཡང་ཀུན་གྱིས་མཐོང་ཞིང་ཐོས་པ་ཡིན་ནོ། །དེ་དག་ནི་འཕགས་ཡུལ་དུ་འཕགས་ལུགས་ཀྱི་བླ་མ་བརྒྱུད་པ་ཇི་ལྟར་བྱོན་པའི་ཚུལ་བསྟན་ཟིན་པ་ཡིན་ལ། གཉིས་པ་ཡེ་ཤེས་ཞབས་ལུགས་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་ཡེ་ཤེས་ཞབས་ལུགས་འཕགས་ཡུལ་དུ་དར་ཚུལ་ནི། མགོན་པོ་འཇམ་པའི་དབྱངས་དང་དབྱེར་མེད་པའི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སངས་རྒྱས་ཡེ་ཤེས་ཞབས་ལ་གནང་བ་ཡིན་ཏེ། དེ་ཡང་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་སྤྱིར་གསང་བ་འདུས་པ་པཎྜི་ཏ་ཉི་ཤུ་རྩ་ལྔ་ཙམ་ལ་གཏུགས་ནས་ཞུས་ཤིང་། ཁྱད་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དངོས་སུ་བྱིན་གྱིས་བརླབས་ཡིན་ཏེ། དེ་ཡང་སློབ་དཔོན་འདིས་ཐོག་མར་སློབ་དཔོན་སེང་གེ་བཟང་པོ་ལ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་བསླབས་ཏེ། ཡོན་ཏན་བཤེས་གཉེན་ལ་སོགས་པའི་རིགས་ལྡན་རྣམས་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དར་བར་མཛད། ཕྱིས་ནུབ་ཕྱོགས་ཨོ་རྒྱན་དུ་བྱོན་ནས་སློབ་དཔོན་འཇོལ་སྒེག་རྡོ་རྗེ་ལ་གསང་བ་འདུས་པའི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་གསན་ཅིང་། ཡང་ཡུལ་དེ་ཉིད་དུ་ལྕམ་།