R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧ན
[A:༥༧ན] ལེགས་སྨིན་དང་། གུ་ནི་ནི་ཞེས་བྱ་བའི་བླ་མ་ཞིག་ལ་ཡང་གསང་འདུས་མང་དུ་གསན་ནོ། །ཡང་ཡུལ་ཛ་ལན་ནཱ་ཐར་སློབ་དཔོན་བ་མོ་ལ་ཙམ་པ་ཏ་བྱ་བ་ལ་ཡང་གསང་བ་འདུས་པའི་ཆོས་སྐོར་ལེགས་པར་གསན་ནས་ལྷོ་ཕྱོགས་ཀྱི་ཡུལ་དུ། སློབ་དཔོན་བ་ལིཾ་ཏ་ཨཱ་ཙཱརྻ་ཞེས་བྱ་བ་མངོན་ཤེས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བའི་བླ་མ་ལོ་དགུའི་བར་ཟས་གོས་དང་ལོངས་སྤྱོད་ཀྱིས་མཉེས་པར་བྱས་ནས་གསང་བ་འདུས་པའི་རྒྱུད་བཅོ་བརྒྱད་གསན་པས། བླ་མའི་ཞལ་ནས་ཁྱོད་ཀྱིས་དོན་མ་རྟོགས་གསུངས་པ་ན། སློབ་དཔོན་གྱི་ཐུགས་དགོངས་ལ་དོན་མ་རྟོགས་ན་རྟོགས་པ་མི་སྐྱེ་དགོངས་ནས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཨུ་པ་ཐ་ཞེས་པ་སྟག་དང་དོམ་ལ་སོགས་པ་གཅན་གཟན་མ་རུངས་པ་གནས་པའི་ཡུལ་དུ་རྒྱུད་ཀྱི་གླེགས་བམ་མགུལ་དུ་བཏགས་ནས་ཟླ་བ་དྲུག་སྒྲུབ་པ་མཛད་པས། སྟོན་ཟླ་ར་བའི་སྐར་མ་རྒྱལ་གྱི་ནུབ་སྐྱ་རེངས་ཤར་བ་ཙམ་ན་སྤྲུལ་པའི་དགེ་སློང་བླ་མ་གཉིས་འཇོལ་སྒེག་རྡོ་རྗེ་འཇམ་རྡོར་དང་བཅས་པའི་ཞལ་མངོན་སུམ་དུ་གཟིགས་ཏེ། འཇམ་པའི་རྡོ་རྗེའི་ཞལ་ནས་འཇམ་དཔལ་ཞལ་ལུང་དུ་གྲགས་པའི་རྫོགས་རིམ་ལུང་བསྟན་དང་བཅས་པ་གནང་བ་ལ་བརྟེན་ནས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་འདིའི་སྲོལ་རྒྱ་ཆེར་བཏོད་པ་ཡིན་ལ། སློབ་དཔོན་དེ་ལ་སློབ་མའི་ཚོགས་ཀྱང་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་གང་ཟག་བཞི། གསང་བ་འདུས་པའི་བཤད་བཀའ་འཛིན་པར་ནུས་ངེས་ཤེས་པའི་གྲྭ་པ་བཅོ་བརྒྱད། དེ་རྣམས་ཀྱི་ནང་དུ་རྩ་རྒྱུད་རྒྱུད་ཕྱི་མ་དང་བཅས་པ་ལ་འགྲེལ་པ་བྱེད་མཁན་བཅུ་གསུམ་ཙམ་བྱུང་ཞིང་། དེའི་།