R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧བ
[A:༥༧བ] ནང་ནས་མར་མེ་མཛད་བཟང་པོས་གསང་བ་འདུས་པ་ལྷ་བཅུ་དགུའི་དཀྱིལ་ཆོག་མཛད། མར་མེ་མཛད་ཀྱིས་འཇམ་དཔལ་བཤེས་གཉེན་བྱ་བའི་སློབ་དཔོན་གཅིག་དང་། དཔལ་སྡེ་གཉིས་ལ་གསུངས། ཕྱི་མས་བི་མ་ལ་གུཔྟ་སྟེ་དྲི་མེད་སྦས་པ་ལ་གནང་། དེ་ནས་རིན་ཆེན་རྡོ་རྗེ། རཏྣ་ཀིརྟི་སྟེ་རིན་ཆེན་གྲགས་པ་བླ་མ་པནྡྷ་པའི་བར་དུ་རིམ་པར་བྱོན་པའི་བརྒྱུད་རིམ་གཅིག་དང་། ཡང་མར་མེ་མཛད་ནས་ཀུན་དགའ་སྙིང་པོ། ཐ་ག་ན་ཞི་བ། དད་བྱེད་གོ་ཆ། པདྨཱ་ཀ་ར་ཞེས་བྱ་བའི་བར་བརྒྱུད་པ་དང་། མར་མེ་མཛད་ཀྱི་སློབ་མ་འཇམ་དཔལ་གྲགས་པ་ནས། དཔལ་སྡེ། དྲི་མེད་སྦས་པ། ཡི་གེ་པ། ནག་པོ་པ། ཡེ་ཤེས་དཔལ། བ་ལིཾ་ཏ་ཨཱ་ཙཱརྻ་སྟེ་བོད་སྐད་དུ་གཏོར་མའི་སློབ་དཔོན་ཞེས་པ་ལ་བརྒྱུད་པ་དང་། ཡང་རིན་ཆེན་གྲགས་པ་ནས་ས་མནྟ་བྷ་ཏྲ་སྟེ་ཀུན་ཏུ་བཟང་པོ། ཛྙཱ་ན་ཤྲཱི་མི་ཏྲ་སྟེ་ཡེ་ཤེས་དཔལ་གྱི་བཤེས་གཉེན། རཏྣ་ཀཱིརྟི་སྟེ་དཀོན་མཆོག་གྲགས་པ། པུཎྱེ་ཤྲཱི་སྟེ་བསོད་ནམས་དཔལ་གྱི་བར་དུ་བརྒྱུད་པ་སྟེ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་བརྒྱུད་རིམ་ལ་ཡང་བརྒྱུད་ཚུལ་མང་དུ་བྱུང་བ་ཡིན་ནོ། །དེ་རྣམས་ཀྱིས་འཕགས་ཡུལ་དུ་བྱོན་པའི་གསང་བ་འདུས་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་འདུས་པ་འཕགས་ཡུལ་དུ་ཇི་ལྟར་དར་བའི་ཚུལ་བསྟན་ཟིན་ནས། གཉིས་པ་བོད་ཡུལ་དུ་བྱོན་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་བོད་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ལ་ཡང་འཕགས་སྐོར་གྱི་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་གཙོ་བོར་འཕགས་ལུགས་ཉིད་ཇི་ལྟར་དར་བའི་ཚུལ་དང་། ཡེ་ཤེས་ཞབས་།