R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨ན
[A:༥༨ན] ལུགས་སོགས་ཀྱི་བརྒྱུད་རིམ་བསྟན་པའི་སྒོ་ནས་ལུགས་གཞན་དར་ཚུལ་དང་། དང་པོ་ལ་ཡང་འགོས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་ལུགས་དེ་ཇི་ལྟར་དར་བའི་ཚུལ་དང་། མར་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་ལུགས་དེ་ཉིད་ཇི་ལྟར་དར་བའི་ཚུལ་དང་། ས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་ས་ལུགས་ཇི་ལྟར་དར་བའི་ཚུལ་དང་གསུམ་ལས། དང་པོ་ནི། འགོས་ལོ་ཙཱ་བ་བསོད་ནམས་རྩེ་མོ་ཞེས་བྱ་བ་དེ་ཉིད་ཀྱི་སྐུ་དྲིན་ལས་དར་ཞིང་དེ་ཉིད་ནས་བརྒྱུད་པ་སྟེ། དེ་ཡང་མགོན་པོ་འདི་འཁྲུངས་པའི་ཡུལ་ནི་རྟ་ནག་ཡིན་ཞིང་། སློབ་དཔོན་འགོས་ཀྱི་རིས་ཡིན་པས་སོ། །ཡབ་ཡུམ་གཉིས་མིང་སྲིང་ཡིན་པ་འདུས་པའི་སྲས་ཡིན་པས་ན་ཁུག་པ། མིང་སྲིང་བསྣལ་བ་ལ་ངོ་ཚ་ནས་རྟ་ནག་ཕུའི་ལྷས་ཤིག་ཏུ་བཙར་ཕྱིན་ནས་ལྷས་སུ་བཙས་པས་ལྷས་བཙས་ཞེས་གྲགས་པ་ཡིན་པར་བཤད། ཡང་བུ་སྟོན་རིན་པོ་ཆེས་ཡབ་ཡུམ་གཉིས་ཀ་འགོས་ཡིན་པས་ན་ཁུག་པ་དང་། ལྷས་ཕུག་ཏུ་འཁྲུངས་པས་ན་ལྷས་བཙས་སུ་གྲགས་པ་ཡིན་གསུངས་ལ། གང་ལྟར་དེ་ལྟ་བུའི་འགོས་ལོ་དེས་གཞོན་ནུའི་དུས་སུ་ཟུར་པ་ལ་རྙིང་མ་སློབ་པར་བྱོན་པས། དེར་ཆོས་མ་བསླབས་པར་ཡང་ཡང་མནར་བ་ཞིག་བྱུང་བ་ན་ཡིད་འབྱུང་སྟེ། ངས་རྒྱ་གར་དུ་ཕྱིན་ལ་ཁྱེད་རྣམས་ལ་ལན་ཞིག་བྱའི་གསུངས་ནས། གྱི་ཇོ་ཟླ་བའི་འོད་ཟེར་དང་འགྲོགས་ནས་རྒྱ་གར་དུ་བྱོན་པས། ཤཱནྟི་པ་དང་དཔལ་སྦས་གཉིས་གྲོངས་ནས་མི་བཞུགས། གཞན་ས་འདྲེས་པའི་སློབ་མ་གསུམ་བཞུགས་པའི་།