R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨བ
[A:༥༨བ] དུས་སུ་འབྱོར་ཏེ། དེའི་སྐབས་ན་འཕགས་ཡུལ་ན་པཎྜི་ཏ་མཉམ་པོ་ལ། འདུས་པ་ལ་མཁས་པ་རྣམས་གྲལ་མགོར་འཇོག་ཅིང་། ཆོས་འདུས་པ་ལ་ཁ་ཟིན་ཆེ་བར་འདུག་ནས་ཐོག་མར་འདུས་པ་སློབ་དགོས་དགོངས་ཏེ། གསང་བ་འདུས་པ་ལ་སུ་མཁས་དྲིས་པས། ས་འདྲེས་པའི་སློབ་མ་རྣམས་མཁས་ཟེར་བས། མངོན་ཤེས་ཅན། བཙུན་མོ་ཅན་རྣམས་ལ་འདུས་པའི་ཆོས་སྐོར་གསན། བསླབ་སྦྱོང་ཡང་འདུས་པ་ལ་མཛད་ནས་བོད་དུ་བྱོན། དེ་དུས་ཁམས་ནས་མར་སྟོན་སེང་རྒྱལ་བྱོན། འགོས་ལོ་ལ་ཆོས་མང་དུ་ཞུས། ཟང་ཟིང་གི་དངོས་པོ་བསམ་གྱིས་མི་ཁྱབ་པས་མཉེས་པར་བྱས། སླར་ཡང་འགོས་ཀྱིས་རྒྱ་གར་དུ་བྱོན། ནག་པོ་དམ་ཚིག་རྡོ་རྗེ་ལ་འདུས་པའི་ཆོས་སྐོར་གསན། དེ་ལྟར་པཎྜི་ཏ་མངོན་ཤེས་ཅན། བཙུན་མོ་ཅན། ནག་པོ་དམ་ཚིག་རྡོ་རྗེ་དང་གསུམ་ལ་གསང་བ་འདུས་པའི་ཆོས་སྐོར་མཐིལ་ཕྱིན་པར་གསན་ནས་བླ་མ་གསུམ་པོ་དེ་དག་གི་གསུང་བགྲོས་རྣམས་སོ་སོར་ཟིན་བྲིས་སུ་འབྲི་བར་མཛད་པ་ལ་འགོས་ཀྱི་ཤོག་རིལ་གསུམ་དུ་གྲགས། གཞན་ཡང་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་སྤྲིན་གྱི་ཤུགས་ཅན་ལ་ཡང་འདུས་པ་གསན་པས། འགོས་ཀྱི་གསང་འདུས་གསན་པའི་བླ་མ་བཞི་ཡིན་ལ། འགའ་ཞིག་ལས་འགོས་ཀྱི་གསང་འདུས་གསན་པའི་བླ་མ་གསུམ་ལས་མ་བཤད་ཀྱང་། ཕྱི་མ་འདི་ལ་ཡང་གསན་པར་འགོས་ལོ་ཉིད་ཀྱིས་རྒྱུད་ཀྱི་མཆན་ཆེན་གྱི་མཇུག་ཏུ་བཤད་པས་རྩོད་པ་མེད། འོན་ཀྱང་གསང་བ་འདུས་པ་རིམ་ལྔའི་ཁྲིད་ནི་དང་པོ་གསུམ་ཁོ་ན་ལས་གསན་པར་ངེས་སོ། །སྤྱིར་ལོ་ཆེན་འདིས་འཕགས་ཡུལ་དུ་ལན་གསུམ་བྱོན། གོང་གི་།