R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩ན
[A:༥༩ན] བླ་མ་བཞི་པོ་དེའི་སྟེང་དུ་ཁ་ཆེ་ཁྲི་བརྟན་གྱི་ཙནྡྲ་ཧ་རི། བལ་པོ་རྫོང་གི་ནཱ་ག་ཀོ་ཊི། བལ་པོ་མཐིལ་གྱི་ཙ་ཧུཾ་ངུ་དང་། ས་ར་བ་བྱ་བ་རྣམས་ལ་སོགས་པ་མིའི་བླ་མ་བདུན་ཅུ། མཁའ་འགྲོ་མ་གཉིས་ཏེ་བདུན་ཅུ་རྩ་གཉིས་ཏེ་བདུན་ཅུ་རྩ་གཉིས་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་གསན། ཆོས་དང་ཆོས་མིན་གྱི་རྣམ་དབྱེ་ལེགས་པར་ཕྱེ་བའི་བསྟན་བཅོས་སྔགས་ལོག་སུན་འབྱིན་བྱ་བ་མཛད། ཁྱད་པར་གསང་བ་འདུས་པ་ལ་རྩ་རྒྱུད་ཀྱི་ཚིག་འགྲེལ་མཆན་ཆེན་དང་། དོན་འགྲེལ་སྟོང་ཐུན་ཆེན་མོ་སོགས་མཛད་དེ་འདུས་པའི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་པ་ཡིན་ནོ། །དེ་ལྟ་བུའི་འགོས་ཀྱི་གསང་འདུས་གསན་པའི་བླ་མ་བཞིའི་ནང་གི་སྤྲིན་གྱི་ཤུགས་ཅན་དང་ག་ཡ་དྷ་ར་གཉིས་གཅིག་ཡིན་པར། རྗེ་རྡོ་རྗེ་འཆང་གི་གསུང་རྒྱུན་ཟིན་བྲིས་འགའ་ཞིག་ལས་བཤད། བུ་སྟོན་རིན་པོ་ཆེས་རྒྱ་གར་ཤར་ཕྱོགས་སུ་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བཤད་དོ། །གང་ལྟར་འགོས་ལོ་འདིས་རྒྱ་གར་དུ་ཡང་ལན་གསུམ་བྱོན་པར་པཎ་ཆེན་ཉི་ཟླ་སེང་གེའི་རྣམ་བཤད་ལས་བཤད། བུ་སྟོན་རིན་པོ་ཆེས་ནི་བཅུ་གཉིས་བྱོན་པར་བཤད་ཀྱང་། དེ་ནི་ཡི་གེ་མ་དག་གམ་སྙམ་མོ། །གང་ལྟར་འགོས་ལ་སློབ་མ་ཡང་རྒྱུད་ཀྱི་ཀ་བ་ཚུགས་པ་བཞི། མན་ངག་གི་གདུང་མ་ཐེག་པ་བརྒྱད། ལས་ཚོགས་དང་འཕྲིན་ལས་ལ་མཁས་པ་རྣམས་ལྕམ་དང་གྲལ་མ་གཤིབས་པ་ལྟར་མང་དུ་བྱུང་བ་ཡིན་པ་ལས། ཀ་ཆེན་བཞི་ནི་མར་སྟོན་སེང་གེ་རྒྱལ་མཚན། རླན་གྲགས་དབང་། སུམ་སྟོན་མེ་འབར། མི་ཉག་དྷརྨཱ་ཙནྡྲ་།