R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩བ
[A:༥༩བ] དང་བཞི་ཡིན་ལ། ཡང་བུ་སྟོན་རིན་པོ་ཆེའི་བཤད་ཐབས་གསང་བའི་སྒོ་འབྱེད་ལས། དྷརྨཱ་ཙནྡྲ་དང་རླན་མ་བགྲངས་པར། ཤངས་ཀྱི་བབ་སྟོན་བྱང་ཆུབ་རྒྱལ་མཚན། གཉལ་གྱི་གཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་གཉིས་པོ་འདྲེན་པར་མཛད་ལ། གདུང་མ་བརྒྱད་ནི་འབྱེད་ཀྱི་རྡོག་སྟོན་ཆེན་པོ། རོང་གི་བྲང་ཏི་རྒྱལ་པོ། རྟ་ནག་གི་མཁས་པ་བསོད་རྒྱལ་ལ་སོགས་པའོ་ཞེས་གསུངས་ནས་ཀ་ཆེན་བཞི་ལ་འདྲེན་ཚུལ་མི་མཐུན་པ་ཅུང་ཟད་ཙམ་བྱུང་། གདུང་མ་བཞི་ལྟར་ན་རྡོག་དགེ་སེར། དབུས་པ་དབང་འབུམ། ལྷོ་པ་རྡོ་རྗེ་སྙིང་པོ། གཉལ་པ་ཆོས་ཀྱི་ཤེས་རབ་དང་བཞི། བརྒྱད་ལྟར་ན་རྡོག་སྟོན་ཆེན་པོ་སོགས་བརྒྱད་ལ་ངོས་འཛིན་དགོས་ཀྱང་། བརྒྱད་ཀྱི་ངོས་འཛིན་གསལ་ཁ་ཅན་བགྲངས་པ་ཞིག་མ་བྱུང་བས་བཙལ་དགོས་སོ། །དེ་ལྟ་བུའི་འགོས་ཀྱི་སློབ་མ་རྣམས་ཀྱི་ནང་ནས་མར་སྟོན་སེང་རྒྱལ་ནི། འཇེད་སོ་རོང་བྱ་བར་སྐུ་འཁྲུངས། འདིས་རྗེ་བཙུན་འགོས་ཀྱི་སྙན་པ་གསན་ནས། དེའི་དྲུང་དུ་བྱོན་དབང་དང་གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་ནོས་ཏེ། འགོས་ལོ་ལ་རིན་པོ་ཆེའི་གསེར་འབུམ་དང་། རྟ་ནག་པོ་སེང་གེ་སྲབ་མེད་བྱ་བ་ཞིག་དང་། སེང་ལྡེང་གི་སྒ་དངུལ་གྱི་ཤན་པ་བརྒྱབ་པ་ཞིག་སོགས་ཀྱིས་ཐོག་དྲངས་བརྒྱ་འབུལ་མཛད་དེ། ཟང་ཟིང་གི་འབུལ་ནོད་ཀྱིས་མཉེས་པར་བྱས། དེ་ནས་འཇེད་ཀྱིས་སོ་རོང་དུ་དགོན་པ་རམ་སྡིང་བཏབ་སྟེ། དེའི་གནས་བདག་ཏུ་བསམ་ཡས་ཀྱི་ཆོས་སྐྱོང་གནོད་སྦྱིན་གྱི་རྒྱལ་པོ་ཙིའུ་དམར་པོ་སྤྱན་དྲངས་ནས་བསྐོས། དེ་ཉིད་ལ་གདུང་མ་བཞིའམ་བརྒྱད་ཀྱི་ནང་ཚན་རྡོག་ཆེན་པོ་ཡེ་ཤེས་སེང་གེ་ཞེས་བྱ་བས་གསང་བ་འདུས་པ་འཕགས་།