R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠ན
[A:༦༠ན] སྐོར་ཕལ་ཆེ་བ་གསན་ཅིང་། ཁྱད་པར་འགོས་ལོ་ཆེན་པོ་ལ་ཡོངས་སུ་རྫོགས་པར་གསན་ནས་དར་བར་མཛད་པ་ལ་ཕྱིས་སུ་འདུས་པ་རྔོག་ལུགས་སུ་གྲགས་པ་ཡིན་ཏེ། དེ་ཡང་རྔོག་ཡེ་ཤེས་སེང་གེ དེའི་སྲས་ཉི་མ་སེང་གེ དེའི་གཅུང་པོ་དབུ་མར་ར། དེའི་དབོན་པོ་རྡོར་སེམས་དང་བཞིས་ཁམས་ནས་འོངས་ནས་རྟ་ནག་སྒྲོ་མོན་ཅན་དུ་བབས། འགོས་ཀྱིས་རྒྱ་གར་སྔོན་མ་འཁོར་བ་དང་མཇལ་ནས། འགོས་ལོ་ཆེན་པོ་ལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་ཞུས། རྒྱུད་མཉན། མན་ངག་ལ་ནན་ཏན་ཆེར་མཛད་པས། མན་ངག་གི་གདུང་མ་ཐེག་པར་གྲགས་སོ། །དེ་ནས་དབུ་མ་ར་དང་རྡོར་སེང་གཉིས་ཀྱིས་སྲིན་པོ་རིར་འདུལ་བ་བསླབས་ཏེ། སླར་དབུ་མ་རས་འཇེད་གད་ཕུང་བཟུང་། རྡོར་སེང་གིས་སྡོང་ཁྲོད་བཟུང་། རྔོག་ཡེ་ཤེས་སེང་གེས་འཇེད་དགའ་ལྡན་དང་། དོལ་དུ་མེ་ཏོག་མཛེས་ལྡན་བྱ་བའི་དགོན་པ་གཉིས་བཏབ། དེ་ནས་ཕྱིས་མར་སྟོན་སེང་གེ་རྒྱལ་མཚན་ལ་འདུས་པའི་རྒྱུད་འགྲེལ་ཆེན་པོའི་ནན་ཏན་མཛད། འགོས་ཀྱི་ཕྱི་འགྱུར་གྱི་གསང་སྔགས་ཀྱི་ཆོས་རྣམས་ལ་མཁས། མར་སྟོན་གྱིས་ཀྱང་དགོན་པ་རམ་སྡིངས་གཏད་པ་བཟུང་ངོ་། །དེ་ཉིད་ལ་རང་གི་སྲས་ཉི་མ་སེང་གེའི་སྤྱིར་ཆོས་མང་པོ་དང་། ཡབ་ཆོས་གསང་བ་འདུས་པའི་སྐོར་མ་ལུས་པ་གསན་ཞིང་། དབུ་ཚད་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་། གསང་སྔགས་ཀྱི་ཆོས་ཕལ་ཆེར་ལ་སྦྱངས་པས་ཤིན་ཏུ་མཁས་པ་ཐུབ་པ་དང་འདྲ་བས་རྔོག་མུ་ནིར་གྲགས་སོ། །དེས་དགུང་ལོ་ཉི་ཤུ་རྩ་གཅིག་ལ་བྲག་ལྟག་གི་དགོན་པ་བཏབ། ཉི་ཤུ་རྩ་གསུམ་ལ་ཛམྦྷ་