R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠བ
[A:༦༠བ] ལའི་བསྒྲུབ་པ་མཛད་པས་ཞག་དུས་ལ་རྟགས་གང་ཡང་མ་བྱུང་བར་ཐུགས་མུག་སྟེ། ཛམྦྷ་ལའི་རྡོ་སྐུ་འཕངས་པར་བརྩམས་པས། གཟོད་ཞལ་བསྟན་གསུང་བྱོན་ནས་བླ་མ་འདི་ཆོས་མཁས་ཤིང་ལོངས་སྤྱོད་ཀྱང་ཆེ་བས་སློབ་མ་ཆེ་བཙུན་དཔག་ཏུ་མེད་པ་འདུས་ཤིང་། ཁྱད་པར་དབུས་གཙང་གི་ཇོ་སྲས་མི་བཞིར་གྲགས་པ་བྱུང་སྟེ། འགྲིག་འཚམས་ཀྱི་ཞང་། ཁ་རག་གི་གཉོས། སྨན་ལུང་གི་དཔྱལ། ཡར་ལུང་གི་ཁུ་རྣམས་ཀྱི་བླ་མར་གྱུར། གཞན་ཡང་ལོ་ཤཱཀྱ་སེང་གེ རླན་བཙད་ཚ་ཉི་མ་ལྕམ་སྐུ་མཆེད་ལ་སོགས་པ་བུ་ཆེན་མང་དུ་བྱུང་ནས་ཐམས་ཅད་ཀྱི་བཀུར་སྟིའི་གནས་སུ་གྱུར་ཏོ། །དེ་ལ་ཟུར་དུ་སྲས་ཞིག་བྱུང་བ་གཞན་གྱིས་མ་ཚོར་བར་བྱས་ཁམས་སུ་བཏང་། ཅུང་ཟད་ཆེར་སྐྱེས་པ་ན་ཡབ་གཤེགས་པའི་གདན་སར་སུ་བཀོད་ཟེར་བགྲོས་བྱས་པ་ན་འགའ་ཞིག་ན་རེ། མདོ་ཁམས་ན་བླ་མའི་སྲས་ཡོད་ཟེར་ནས་གདན་དྲངས་སློབ་གཉེར་བྱེད་དུ་བཅུག་པས། ངའི་ཡབ་ཆོས་གང་ཡིན་ཟེར། འདུས་པ་ཡིན་བྱས་པས། དེ་ལ་སུ་མཁས་ཟེར་བ་ལ། ཁྱེ་རེ་ལྷ་ཁང་པ་མཁས་ཟེར་ནས། དེར་བྱོན་གསུང་གླེང་མཛད་པས། ངེད་ཡེ་ཤེས་ཞབས་ལུགས་པ་ཡིན། ཁྱོད་ཀྱི་ཡབ་ཆོས་འཕགས་ལུགས་ཡིན་པས། རླན་བཙད་ཚ་ཉི་མ་ལྕམ་ཅན་དུ་བྱོན་ཟེར་ནས། དེའི་དྲུང་དུ་བྱོན་འདུས་པ་ཡོངས་སུ་རྫོགས་པ་ཞུས། སླར་བདག་ཉིད་ཆེན་པོ་ས་པཎ་གྱི་ཞབས་ལ་གཏུགས་ཏེ་ས་སྐྱ་པའི་ཆོས་མང་པོ་ཡང་གསན། ས་སྐྱར་འདུས་པའི་འཆད་ཉན་ཡང་རྒྱ་ཆེར་མཛད་ལ། ཁོང་པ་ཐག་རིང་པས་ལམ་བཏེག་ལ་བྱ་རུ་གཞུང་གནང་བས་ཞང་བྱ་རུ་བར་གྲགས།