R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦བ
[A:༦བ]ཚོགས་ཐམས་ཅད་དང་། རུས་པ་དང་བཅས་པ་ཐམས་ཅད་ལས་ཇི་ལྟར་སྲིད་པར་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ། བྱང་ཆུབ་སེམས་དཔའ་བརྒྱད་དང་བཅས་པ་དང་། རང་གི་སྐུའི་ཡན་ལག་དང་ཉེ་བའི་ཡན་ལག་དང་བཅས་པ་རྣམས་ལས་ཁྲོ་བོ་བཅུ་སྤྲོས་པར་གྱུར་ཏོ། །དེའི་རྗེས་སུ་དེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའི་ངོས་ཁྱབ་པའི་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ནས། འདོད་ཆགས་ཅན་གྱི་འདོད་ཆགས་སྤངས་པའི་དོན་དུ་ཆགས་པ་དང་བྲལ་བའི་དབྱེ་བས་རིགས་རྣམ་པ་བཞི་ཉེ་བར་བསྟན་ཏེ། གསང་བ་འདུས་པའི་རྒྱུད་ཆེན་པོ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་བསྟན་པར་གྱུར་ཏོ་ཞེས་རྒྱུད་རྒྱས་པ་གསུངས་ཚུལ་དང་། ཡང་དེའི་རྗེས་སུ་སླར་ཡང་ཚེ་དང་ལྟ་བ་དང་ཉོན་མོངས་པ་དང་། བསྐལ་བ་དང་སེམས་ཅན་གྱི་སྙིགས་མས་སེམས་ཅན་གྱི་ཁམས་ལ་གཟིགས་ཏེ། དཀྱིལ་འཁོར་བ་དེ་རྣམས་ལ་གསོལ་བ་བཏབ་པས་ཉུང་ངུའི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ཞེས་བྱ་བ་གཞུང་གི་ཚད་བརྒྱ་ཕྲག་བཅོ་བརྒྱད་པ་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་བསྟན་པར་གྱུར་ཏོ་ཞེས་རྩ་རྒྱུད་བསྡུས་པ་གསུངས་ཚུལ་གསལ་བར་བཤད་པས་སོ། །དེ་ལྟར་བཞེད་པ་མི་འདྲ་བ་མང་ན་ཡང་། འདིར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་བཞེད་པས་སྤྱིར་གསང་སྔགས་ལ་སྟོན་པ་འདིའི་བཟླས་ཏེ་མ་གསུངས་པ་དང་གསུངས་པ་གཉིས་སུ་མཛད་ནས། དང་པོ་ནི། འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་དང་། དགེས་རྡོར་གྱི་རྒྱུད་འབུམ་ཕྲག་ལྔ་པ་དང་། འདིའི་རྒྱུད་འབུམ་ཕྲག་གསུམ་པ་སོགས་རྩ་རྒྱུད་ཆེན་པོ་རྣམས་ཏེ། འདི་དག་བཟླས་ཏེ་མ་