R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡ན
[A:༦༡ན] མཚན་དངོས་རྡོག་ཨཱརྻ་དེ་ཝ་ཞེས་བྱ་བ་ཡིན་ལ། འདི་གོང་དུ་འགོས་རྔོག་པའི་བླ་མ་གོང་བ་རྣམས་སྒྲུབ་ཐབས་ཀྱི་བཤད་པ་རྒྱུན་དུ་མཛད་པས་བསྐྱེད་རིམ་བསྒོམ་པ་ཞར་ལ་འབྱུང་བས་དཀྱིལ་ཆོག་བརྩམས་པ་ཡང་མེད་ཅིང་། རིམ་ལྔའི་ཁྲིད་དམིགས་རྒྱུན་དུ་སོ་སོར་བསྒོམ་པ་མ་གཏོགས། མང་པོ་ཚོགས་ནས་སྒྲུབ་མཆོད་མཛད་པའི་ཕྱག་སྲོལ་ཡང་མེད་པ་ལ། ཨཱརྻ་དེ་ཝ་ས་པཎ་གྱི་སློབ་མར་གྱུར་ཕྱིན་ཆད་ནས་ས་སྐྱ་པ་ཕྱག་ལེན་བདེ་བའི་སྤྱན་ཟློས་བཟང་པོ་དེ་ཁོང་གིས་རྟོགས་ནས། འདུས་པའི་དཀྱིལ་ཆོག་དང་། མཆོད་འཕྲེང་སོགས་ཡིག་ཆ་མང་པོ་མཛད་ནས་གསང་བ་འདུས་པའི་བསྒྲུབ་མཆོད་བཙུགས། དེའི་དུས་སུ་རྡོག་ཨར་དེའི་སློབ་མ་རྣམས་ཀྱི་གསུང་བགྲོས་ཕྱོགས་གཅིག་ཏུ་བྲིས་པ་བསྟོད་འབུམ་བྱ་བ་པོ་ཏི་གཅིག་དང་། སྨད་འབུམ་བྱ་བ་པོ་ཏི་གཅིག་སྟེ་གསང་འདུས་ཀྱི་འགྲེལ་པ་ཆེན་པོ་ལྟ་བུ་ཞིག་ཀྱང་བྱུང་ནས་འདུས་པ་ལ་ལག་ལེན་བཤད་པ་དང་བཅས་པ་ཤིན་ཏུ་དར་བར་མཛད་དོ། །དེ་ལྟ་བུའི་རྡོག་ཨཱརྻ་དེ་ཝ་ལ་སྤྱི་མཁར་འཇུག་གྲེས་ཀའི་རྟག་པ་རིན་གྲགས་དང་། རོང་ལྷ་སྟེང་གི་གཙང་སྨྲ་སེང་དང་། ཆ་དཀར་མོན་མོ་བྲག་གི་མི་ཉག་རྡོ་རྗེ་གྲགས་གསུམ་གྱིས་གསན། ཡང་རྡོག་ཉི་མ་སེང་གེ་ལ་གཞུའི་ཕུག་ཀ་ཕུག་སྟོན་ཤེས་རབ་གྲགས་ཀྱིས་གསན། དེ་ཉིད་ལའང་མི་ཉག་རྡོ་རྗེ་གྲགས་དང་གཙང་སྨྲ་སེང་གཉིས་ཀྱིས་ཞུས། དེ་གཉིས་ཀ་ལ་ལྕེ་སྟོན་མདོ་སྡེ་སེང་གེས་གསན། ཡང་རླན་བཙད་ཚ་ལ་རྒྱ་མཁར་ཐང་སྤེ་བའི་མཁན་པོ་འཕགས་པ་སྐྱབས་ཀྱིས་གསན་པ་ཡིན་ཏེ། དེ་ཡང་ཐང་སྤེ་མཁན་པོ་འཕགས་པ་སྐྱབས་ནི་གཞོན་ནུ་ལ་རབ་ཏུ་