R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡བ
[A:༦༡བ] བྱུང་ནས། དང་པོར་ས་གཞི་དམར་པོར་སོང་སོང་སློབ་གཉེར་མཛད། དེ་ནས་བསྐྱེད་རྫོགས་ཀྱི་དོན་ཐུགས་ཉམས་སུ་བཞེས་པས་ཉམས་དང་རྟོགས་པ་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང་འགྲོ་དོན་མང་དུ་མཛད་ནས་སྐུ་གཤེགས་པའི་ཚེ། གཟིམས་ཁང་ལ་འཇའི་གདུགས་སུམ་རིམ་དང་། གཞན་ཡང་འཇའ་འོད་ཀྱིས་བར་སྣང་ཐམས་ཅད་ཁྱབ་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བ་དང་། པུར་སྦྱངས་པས་ཐུགས་མ་ཚིག་པར་བྱོན་ཞིང་། གདུང་དང་རིང་བསྲེལ་ཡང་མང་དུ་བྱུང་བར་བཤད་དོ། །དེ་ཉིད་ལ་རྒྱང་རོ་གསེར་སྡིངས་པ་གཞོན་ནུ་འོད་ཀྱིས་གསང་བ་འདུས་པ་མར་ལུགས་དང་འགོས་ལུགས་གཉིས་ཆར་ཆ་ཚང་བར་གསན། གསེར་སྡིངས་པ་འདི་གསང་བ་འདུས་པ་ལ་ཤིན་ཏུ་མཁས་ཤིང་མན་ངག་གི་རིགས་ཀྱང་མང་དུ་མཛད་ལ། དེ་ལྟ་བུའི་གསེར་སྡིངས་པ་གཞོན་ནུ་འོད་དང་། རྡོག་ཨཱརྻ་དེ་ཝའི་སློབ་མ་རྟག་པ་རིན་གྲགས། ལྕེ་སྟོན་མདོ་སྡེ་སེང་གེ་དང་གསུམ་ཆར་ལ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་གསན། དེ་ལ་ལྕེ་བློ་ལྡན་སེང་གེས་གསན་ཞིང་། དེ་གཉིས་ཆར་ལ་འཕགས་འོད་ཡོན་ཏན་རྒྱ་མཚོས་གསན་པ་ཡིན་ཏེ། དེ་ཡང་འཕགས་པ་འོད་འདི་འཁྲུངས་པའི་ཡུལ་ནི་ཉང་སྟོད་ཐུ་གུ་དང་ཉེ་བ་ན་ལ་སྤེ་ཞེས་བྱ་བ་ཞིག་ཡོད་པ་དེ་ཉིད་དེ། གདུང་རྗེ་རིགས་ཡིན་ལ། སྔགས་འཆང་ཤ་སྟག་བྱུང་བའི་བརྒྱུད་པ་ཡབ་རྗེ་པོ་རྡོ་རྗེ་བྱ་བ་དང་། ཡུམ་མ་གཅིག་རྗེ་མོ་རྒྱལ་མཚན་འབུམ་ཞེས་བྱ་བ་གཉིས་ལ་སྲས་བརྒྱད་འཁྲུངས་པའི་བླ་མ་འདི་ཆུང་ཤོས་ཡིན་ཞིང་། གཅེན་པོ་རྣམས་ཆུང་ནར་མ་སོན་པ་ལ་འདས་