R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣བ
[A:༦༣བ] ཀྱི་དབང་བཀའ་སོགས་དང་། པུ་ཧྲང་ལོ་ཆུང་ནས་བརྒྱུད་པའི་བདེ་མཆོག་ལོ་ཧི་པའི་དབང་རྒྱུད། གཉོས་ལུགས་ཀྱི་བདེ་མཆོག་ལོ་ཧི་པའི་དབང་རྒྱུད། འགོས་བསོད་ནམས་རྩེ་མོའི་བདེ་མཆོག་གི་དབང་རྒྱུད། སྟེང་པ་ལོ་ཙཱ་ནས་བརྒྱུད་པའི་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད། རྔོག་ལུགས་ཀྱི་སྒྱུ་མ་ཆེན་མོའི་དབང་བཀའ་བཤད་བཀའ་མན་ངག་དང་བཅས་པ། དོ་ཧ་སྐོར་གསུམ་སྟོད་ལུགས་སྨད་ལུགས་མན་ངག་དང་བཅས་པ། བྷུ་ལུ་ཀ་ནས་བརྒྱུད་པའི་རླུང་འཆི་མེད་ཕྱག་ལེན་དང་བཅས་པ། མལ་ལོ་ནས་བརྒྱུད་པའི་སྒྲོལ་མ་ཉེར་གཅིག་གི་དབང་སྒྲུབ་སྐོར་དང་བཅས་པ་དང་། འཁོར་ལོ་ཆེན་པོའི་དབང་ཆོས་སྐོར། ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་བསྒྱུར་བའི་ཡོ་གའི་རྒྱུད་གསུམ། ཛེ་ཏཱ་རི་ནས་བརྒྱུད་པའི་མི་འཁྲུགས་པའི་དབང་བཀའ་སྒྲུབ་སྐོར་དང་བཅས་པ། ས་ལུགས་ཀྱི་རྣམ་རྒྱལ་ལྷ་དགུ་མ། པུ་གཅེར་ལུགས་ཀྱི་རྣམ་རྒྱལ་ལྷ་ལྔ་བཅུ་ང་གསུམ་མ་རྟོག་པ་སྒྲུབ་སྐོར་དང་བཅས་པ། མཁན་པོ་བོ་དྷི་ས་ཏྭ་ནས་བརྒྱུད་པའི་གཙུག་ཏོར་དྲི་མེད་ཀྱི་མཆོད་ཆོག་ཆོས་སྐོར་དང་བཅས་པ། རྒྱལ་པོ་མདོ་ལྔ། ཟབ་མོ་མདོ་ལྔ་ལ་སོགས་པའི་མདོ་དང་། བྱམས་ཆོས་ལྔ་དང་། དབུ་མ་རིགས་ཚོགས་བསྟོད་ཚོགས། སྤྲིངས་ཡིག་གི་ཚོགས་དང་ཚིག་འཇུག་ལ་སོགས་པ་གསན་ནོ། །དེ་ལྟར་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་བླ་མ་འདི་ལ་ཆོས་ཀྱི་གཏད་སོར་དགོངས་ནས་ཕྱོགས་རིས་ནས་ཆོས་ཞུ་བ་བྱུང་བ་རྣམས་ཀྱི་གྲལ་བཅུག་སྟེ་ཟབ་ཆོས་མང་དུ་གནང་ངོ་། །དེ་ནས་བླ་མ་ཆོས་སྐུ་བའི་གསུང་གིས། ད་ཡོན་ཏན་གཞན་རྣམས་ཐམས་ཅད་ཕུན་ཚོགས་པ་བྱུང་འདུག་པས། དེ་ཐམས་ཅད་ཀྱི་