[A:༦༤ན] མཚང་འདྲུ་ཞིང་གདར་ཤ་ཆོད་པ་ལ་རིགས་པ་དགོས་པས་ཚད་མ་རྣམ་ངེས་ཅིས་ཀྱང་སློབས་གསུངས་ནས། སློབ་དཔོན་ཆོས་དར་ལ་གཏད་ནས་རྣམ་ངེས་ལ་སློབ་གཉེར་མཛད་པས་གཞུང་རྫོགས་པར་ཟིན་ཆོས་སྐད་ཆགས་ཙམ་བྱུང་བ་དགུང་ལོ་ཉེར་ལྔ་ལོན་པའི་ཚེ་བླ་མ་ཆོས་སྐུ་བ་ཞི་བར་གཤེགས་སོ། །དགུང་ལོ་ཉེར་ལྔའི་མཇུག་ཏུ་སྣར་ཐང་ལ་བྱོན་ནས། དེར་མཁན་པོ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། ལས་སློབ་དབུ་ཚད་པ་རིན་ཆེན་བཟང་པོ། གསང་སྟོན་འདུལ་འཛིན་སངས་རྒྱས་རྒྱལ་པོ་རྣམས་ལ་ཞུས་ནས་བསྙེན་རྫོགས་མཛད། ཕྱིས་སུ་གསང་སྟོན་ལ་འདུལ་བ་མདོ་རྩ་ཚར་གསུམ་གསན་ཞིང་། འདུལ་བའི་ཡན་ལག་ལག་ལེན་དང་བཅས་པ་སློབ་པར་མཛད། དེ་དག་གི་བར་སྐབས་བར་སྐབས་སུ་བསམ་གླིང་པའི་བླ་མ་དར་མ་རྒྱལ་མཚན་དང་། ཤེས་རབ་དཔལ་བ་ལ་ཕག་མོ་ཁྲོས་ནག་བཀའ་གཏེར་གཉིས། མཻ་ཏྲི་པའི་བཅུ་གསུམ་མའི་དབང་། ཞི་བྱེད་ཐུགས་རྒྱུད། ཕྱག་ཆེན་བརྡ། ལམ་འབྲས་བུ་དང་བཅས་པ་ཞ་ལུགས་ལ་སོགས་པ་གསན་ནོ། །དེ་ནས་བསམ་གླིང་པ་དང་རྩ་བའི་ཡོན་མཆོད་ཡིན་པས། ཕ་གཞིས་ཐམས་ཅད་བསམ་གླིང་པ་ལ་ཕུལ་ནས། དཔལ་གྲོ་སྟག་ཚང་སེང་གེ་རྫོང་དུ་བྱོན། དེ་ནས་གསེར་སྡིངས་པ་གཞོན་ནུ་འོད་ཀྱི་བུ་ཆེན་བླ་མ་རྫོང་པ་ཞེས་བྱ་བ་ཉམས་རྟོགས་ཁྱད་པར་ཅན་མངའ་བ་ཞིག་ཡོད་པ་དེའི་སྤྱན་སྔར། སྔར་བླ་མ་ཆོས་སྐུ་བའི་དྲུང་དུ་བཀའ་ཐོབ་བྱས་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྲིད། ལྟ་བ་དབུ་མ་ཆེན་པོ་ཨ་ཏི་ཤ་ནས། སེར་གྲོག་སྔོན་པ་ནས་བརྒྱུད་པའི་