R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥ན
[A:༦༥ན] ཨེ་མ་གསེར་སྡིངས་ཆོས་བརྒྱུད་འདི། །གྲས་ཐག་ཡུན་རིང་བཅད་གྱུར་པས། །བླ་མ་སྙིང་ལ་ཞུགས་སོ་སྙམ། །སྒྲོ་འདོགས་སེམས་ལ་ཆོད་ནས་ཐལ། །དེ་འདྲ་གོ་བའི་འཕགས་པ་ལགས། །མེད་ཀྱང་ཀུ་རེ་བྱས་པ་ལགས། །སྐལ་ལྡན་འགྲོ་ལ་ཕན་གྱུར་ཅིག །ཅེས་གསུངས་སོ། །དེ་རྣམས་ཀྱི་དབང་བྱིན་རླབས་ཐམས་ཅད་དང་། ཆོས་སྐྱོང་ཁ་ཆེ་མགོན་ནག་དང་། མགོན་ནག་ཞལ་གསུམ་ཕྱག་དྲུག་པའི་སྐོར་དང་བཅས་པ་རྣམས་བླ་མ་ཆོས་སྐུ་པའི་དྲུང་དུ་ཐོབ་ཅིང་། དེར་ཡང་སྒྲོ་འདོགས་བཅད་པ་ལས་ནམ་ལངས་པ་ལ་ཉི་མ་ཤར་བ་བཞིན་གྱུར་ཏེ། ཨེ་མ་ཧོ། ཀུན་མཁྱེན་བླ་ཆེན་བྱིན་རླབས་ཀྱིས། །ནམ་ལངས་པ་ལ་ཉི་ཤར་ལྟར། །ཁྱད་པར་འཕགས་པའི་འོད་ལྡན་པ། །དེང་སང་ཁོ་བོ་ཡིན་པ་སྙམ། །ཞེས་གསུངས་སོ། །དེ་ནས་རེ་ཞིག་ན་ལྷོ་སྒོར་ཧོར་དམག་ཞུགས་ནས་ཟོས་མི་བདེ་དང་། མུ་གེ་ཆེན་པོ་བྱུང་ནས་འཚོ་བ་ཤིན་ཏུ་དཀའ་བར་བྱུང་བའི་ཚེ། བུད་མེད་གཅིག་ཟན་གྱི་གཟུགས་བརྙན་མང་པོ་ལ་མར་དང་། འཁུར་བ་ལ་སོགས་པ་མང་པོས་བརྒྱན་ནས་ལྷ་ལ་མཆོད་པ་བྱེད་ཀྱིན་འདུག་པས། བླ་མ་འདིས་དགོངས་པ་ལ་མོས་འདི་དག་དོར་སོང་བ་དང་བླངས་པས་ཞག་འགའ་ཞིག་གི་ཐུག་ཐལ་འོང་བ་འདུག་སྙམ་པ་དང་། མོས་མཆོད་པ་ཟིན་ནས་སྣོད་དུ་བཅུག་སྟེ་ཁུར་སོང་བ་ན། ཐུགས་ལ་རེ་ཆེས་ན་བསླུ་དོགས་ནས་འཆིང་བར་ཐག་ཆོད། འཇིག་རྟེན་ལ་རེ་བ་བཅད་ནས་བཅུད་ལེན་སྣ་ཚོགས་མཛད་དེ་ལྕེ་ཆུང་གི་བདུད་རྩི་མྱང་བ་ཀ་མཆོག་ཏུ་བྱུང་གསུངས། དེ་ནས་བོད་