R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧ན
[A:༧ན]གསུངས་བའི་རྒྱུ་མཚན་ཡང་། སྟོན་པ་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ནས་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། བདེ་ཀྱེ་གསང་གསུམ་གྱི་རྒྱུད་རྒྱས་པ་རྣམས་གདུལ་བྱ་བློ་མཆོག་ཏུ་གྱུར་པ་རྣམས་ལ་གསུངས་ཤིང་། དེ་དུས་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱིས་རྒྱུད་རྒྱས་པ་རྣམས་ཀྱི་བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ་ཐུགས་ཉམས་སུ་བཞེས། དེ་ནས་སྙིགས་མའི་སེམས་ཅན་རྣམས་ཚེ་ཐུང་ཞིང་ལོངས་སྤྱོད་དམན་པས་རྩ་རྒྱུད་ཆེན་པོ་རྣམས་ལ་ཐོས་པ་དང་བསམ་པ་ཁོ་ནས་འདའ་བ་ལས་བསྒོམ་པའི་རོ་མི་མྱོང་བར་གཟིགས་ནས་རྒྱུད་རྒྱས་པ་རྣམས་མི་སྣང་བར་བྱིན་གྱིས་བརླབས་ནས་བཟླས་ཏེ་མ་གསུངས་པ་ཡིན་ལ། དེས་ན་བཟླས་ཏེ་གསུངས་པ་ནི། རྒྱུད་རྒྱས་པ་དེ་དག་དང་དོན་འདྲ་བའི་བསྡུས་པའི་རྒྱུད་རྣམས་ཡིན་ནོ། །འདིར་གསང་བ་འདུས་པའི་རྒྱུད་ཇི་ལྟར་གསུངས་པའི་ཚུལ་ཡང་། སྔོན་བཅོམ་ལྡན་འདས་བཞུགས་པའི་དུས་སུ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཞེས་བྱ་བས། ཉན་ཐོས་ཀྱི་དགེ་འདུན་རྣམས་ཆོས་གོས་ཀྱིས་གཤོག་པ་བྱས་སྔ་དྲོ་ཤར་ནས་ནུབ་ཕྱོགས་ལ་འཕུར་འགྲོ། དགོང་མོ་ནུབ་ཕྱོགས་ནས་ཤར་ལ་ནམ་མཁར་འཕུར་ནས་འགྲོ་བ་གཟིགས་ནས་ནང་བློན་སོགས་ལ་དྲིས་པས། མ་ཤེས་པར། གྲོང་ཁྱེར་གྱི་མི་རྣམས་ལ་ཅི་ཡིན་དྲིས་པས། གྲོང་ཁྱེར་བ་དག་ན་རེ། འདི་ནས་ཤར་ཕྱོགས་ན་གྲོང་ཁྱེར་མཉན་ཡོད་ཅེས་བྱ་བར་རྒྱལ་པོ་ཟས་གཙང་མའི་སྲས་དོན་ཐམས་ཅད་གྲུབ་པ་སངས་རྒྱས་པའི་མཚན་ཤཱཀྱ་ཐུབ་པ་ཞེས་བྱ་བ་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་