R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧བ
[A:༧བ]བཞིན་པར་བཞུགས་པ་དེའི་ཉན་ཐོས་ཡིན་ཞུས་པས། རྒྱལ་པོ་ཆོས་ཀྱི་བག་ཆགས་སད་དེ་སངས་རྒྱས་ཞེས་པའི་མཚན་ཐོས་མ་ཐག་ལུས་ཀྱི་བ་སྤུ་གཡོ་ཞིང་སྟོན་པ་ལ་དད་པ་བླ་ན་མེད་པ་འཁྲུངས། དེའི་རྐྱེན་གྱིས་སྟོན་པ་འཁོར་བཅས་མཉན་ཡོད་ན་བཞུགས་པ་མངོན་སུམ་སུ་མཐོང་སྟེ། སང་གི་ཉིན་བདག་གི་འདིར་གདུགས་ཚོད་ལ་གཤེགས་སུ་གསོལ་ཞེས་ཞུས་པས། ནངས་པར་བཅོམ་ལྡན་འདས་འཁོར་བཅས་རྫུ་འཕྲུལ་གྱིས་བྱོན་པ་ལ་མཆོད་པ་དང་བསྙེན་བཀུར་གྱིས་མཉེས་པར་བྱས་ནས། བདག་ཅིས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་ཞུ་ཞུས་པས། བཅོམ་ལྡན་འདས་ཀྱིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ལ་བསླབ་པ་གསུམ་ལ་སློབས་ཤིག་ཅེས་བཀའ་སྩལ། རྒྱལ་པོས་བདག་ཅག་གིས་འདོད་ཡོན་སྤོང་མི་ནུས་པས་འདོད་ཡོན་ལ་ལོངས་སྤྱོད་བཞིན་དུ་འཚང་རྒྱ་བའི་ཐབས་ཞུ་འཚལ་ཞེས་ཞུས་པས། སྟོན་པ་འདིས་སྤྲུལ་སྐུ་དབུ་སྡུམ་ཞབས་རྗེན་གྱི་སྣང་བ་བསྡུས་ཏེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་ཆེན་ཨིནྡྲ་བྷི་ཏི་ལ་སོགས་ཏེ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་འདིས་དབང་བསྐུར་བས། རྒྱལ་པོས་དབང་དུས་ཉིད་དུ་གྲུབ་པ་ཆེན་པོ་ཐོབ་བོ། །འོ་ན་རྒྱལ་པོ་འདིའི་ཕྱིས་སྤྲོས་བཅས་ཀྱི་སྤྱོད་པ་མཛད་པ་མ་ཡིན་ནམ། དབང་དུས་སུ་འབྲས་བུ་མངོན་དུ་མཛད་ན་ཕྱིས་སུ་སྤྱོད་པ་མཛད་པའི་དགོས་པ་ཅི་ཞེ་ན། ཕྱིས་སྤྲོས་བཅས་ཀྱི་སྤྱོད་པ་མཛད་པ་སྐད་ནི་རང་རྒྱུད་ཀྱི་རྟོགས་པ་ཡར་ལྡན་དུ་བྱ་བའི་ཕྱིར་མ་ཡིན་གྱིས། འཁོར་རྣམས་གྲོལ་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །དེ་ནས་སྟོན་པས་རྒྱལ་པོ་ལ་གསང་བ་འདུས་པའི་རྩ་བ་