R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༡བ
[A:༧༡བ] སྦྱིན་སྲེག་འཕྲིན་ལས་ཆར་འབེབས། རྒྱུད་ཀྱི་བཤད་ཐབས་གསང་བའི་སྒོ་འབྱེད། རིམ་ལྔའི་ཁྲིད་ཡིག་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ཟ་མ་ཏོག་ལ་སོགས་པ་ཡིག་འཇོགས་རྒྱ་ཆེན་པོ་མཛད། འཆད་ཉན་རྩལ་དུ་སྟོན་ནས་མཛད་པས་འདུས་པའི་བདག་པོ་ལྟ་བུར་གྱུར་པ་ཡིན་ལ། དེ་དག་གི་ནང་ནས་ཁྲིད་ཡིག་འདི་ནི་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་འཕགས་འོད་ལ་མར་འགོས་གཉིས་ཆར་གྱི་གདམས་པ་གནང་བའི་གསུང་བགྲོས་ཡི་གེར་བྲིས་པ་ཉུང་ངུ་ཞིག་ཡོད་པ་དེ་ཚང་བར་བཅུག་ཅིང་དེའི་སྟེང་དུ་འཕགས་འོད་ཀྱི་གསུང་བགྲོས་རྣམས་བྲིས་པ་ཡིན་པར་བཤད་ཅིང་། ངོ་བོ་དབེན་གསུམ་ཡན་འགོས་ལུགས་དང་། སྒྱུ་མ་དང་འོད་གསལ་མར་ལུགས་གཙོ་བོར་བྱས་པ་ཞིག་ཡིན་པ་དང་། སྒྱུ་མའི་སྐབས་སུ་མཉམ་བཞག་སྒྱུ་མ་ལ་སྦྱོར་དྲུག་གི་དམིགས་པ་གཅིག་ཀྱང་བཅུག་ཡོད་པས། དེ་ཡང་ཀུན་མཁྱེན་ཆོས་སྐུ་བ་སྦྱོར་དྲུག་པ་ཡིན་པས། ཁོང་གིས་བསྣན་པ་བཞིན་བུ་སྟོན་གྱིས་ཀྱང་འབྲི་བར་མཛད་པ་ཡིན་པར་གྲགས་སོ། །གཞན་ཡང་སྒྱུ་མ་གསུམ་བཏུད་དུ་བྱ་བ་སོགས་ནག་ཁྲིད་བསྲེས་པ་དང་། ཟུང་འཇུག་གི་སྐབས་སུ་བསྡུས་སེ་བ་ཞིག་གི་མར་ལུགས་འགོས་ལུགས་གཉིས་ཀ་དང་མཐུན་པ་ཞིག་ཡོད་པར་མཁས་པ་སྔ་མ་རྣམས་བཞེད་མོད་ཀྱང་། ཁྲིད་ཡིག་དེ་ཉིད་ཀྱི་དབང་བསྐུར། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དོན་བཤད་པའི་རྒྱུད་བཞིའམ་བརྒྱད་ཀྱི་དགོངས་པ་ལེགས་པར་ཕྱེ་ཤིང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དོན་མངོན་དུ་གྱུར་ནས་དགོངས་པ་ལེགས་པར་བཀྲལ་ཏེ་ཏཻ་ལོ་པ་དང་ནཱ་རོ་པ་ལ་སོགས་པ་