R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༢ན
[A:༧༢ན]མཁས་གྲུབ་རྣམས་ཀྱི་ཐུགས་དམ་དུ་ལེགས་པར་བསྟར་ནས་ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་སྒོ་འབྱེད་པའི་ལྡེ་མིག ལམ་རིམ་པ་ལྔའི་སྨར་ཁྲིད་ཅེས་སོགས་གསུངས་པས་ན། བུ་སྟོན་རིན་པོ་ཆེའི་ལུགས་ཀྱི་གསང་བ་འདུས་པའི་ཁྲིད་འདི་མར་ལུགས་གཙོ་ཆེ་བ་དང་། རྒྱུད་འགྲེལ་བ་དང་བཅས་པའི་བཤད་བཀའ་འགོས་ནས་རྡོག་པ་ལ་བརྒྱུད་པའི་ལུགས་གཙོ་ཆེ་བར་རང་ལུགས་ཀྱི་ཕྱིས་བྱོན་པའི་མཁས་པ་དག་བཞེད། དབང་བཀའ་ནི་བཀའ་བབས་སོ་སོའི་ལུགས་ཀུན་འདུས་པ་ཞིག་སྟེ། དེ་ནས་བཟུང་སྟེ་གསང་བ་འདུས་པ་མི་བསྐྱོད་པའི་དབང་གི་བརྒྱུད་པ་ལ་བརྒྱུད་པའི་བཀའ་བབས་བདུན་ལྡན་ཞེས་དབང་ཞིག་ཐོབ་པ་ན་བརྒྱུད་པ་བཀའ་བབས་བདུན་ཆར་གྱི་བརྒྱུད་པ་དྲངས་ཆོག་པ་འདི་བྱུང་བས། བསྲེས་བརྒྱུད་ཅེས་པའི་ཐ་སྙད་བཏགས་སུ་རུང་ངམ་སྙམ་མོ། །ཡང་འགའ་ཞིག་ལས་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པའི་རྗེས་འབྲངས་ཀྱི་དཀྱིལ་ཆོག་ལ་འཕགས་པ་རིན་པོ་ཆེའི་དཀྱིལ་ཆོག་དང་། བུ་སྟོན་གྱི་དཀྱིལ་ཆོག་ཡེ་ཤེས་ཆར་འབེབས་གཉིས་འདྲེན་པ་ཡང་མཛད་འདུག་པ་ལྟར། རྗེ་བཙུན་ས་པཎ་གྱིས་ཁ་ཆེ་པཎ་ཆེན་ལ་གསན་པའི་དབང་བཀའ་གསར་མའི་ཁོངས་སུ་བསྡུ་དགོས་པ་ཡང་འདྲ་བས་བརྟག་གོ །དེ་རྣམས་ཀྱིས་འགོས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་འགོས་ལུགས་ཇི་ལྟར་དར་བའི་ཚུལ་བསྟན་ཟིན་པ་ཡིན་ལ། བུ་སྟོན་མན་ཆད་ཀྱི་བརྒྱུད་རིམ་རྣམས་ནི་འོག་ཏུ་མར་ལུགས་དང་། ས་ལུགས་ཀྱི་བརྒྱུད་པ་དག་དང་ཕལ་ཆེར་ཆབ་གཅིག་ཏུ་འབྱུང་ངོ་། །གཉིས་པ་མར་ལུགས་ཀྱི་བླ་མ་བརྒྱུད་པའི་