R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༢བ
[A:༧༢བ]རྣམ་ཐར་བསྟན་པའི་སྒོ་ནས་ལུགས་དེ་ཉིད་ཇི་ལྟར་དར་བའི་ཚུལ་ནི། སྐྱེས་མཆོག་མར་པ་ལོ་ཙཱ་བ་ཆོས་ཀྱིས་བློ་གྲོས་ཀྱི་ལེགས་པར་སྤེལ་བ་ལ་གསང་འདུས་མར་ལུགས་སུ་གྲགས་པ་ཡིན་ཏེ། དེ་ཉིད་ལོ་ཙཱ་བ་ནས་རིམ་གྱིས་བརྒྱུད། མཁས་པ་ཕྱི་མ་དག་གིས་འཕེལ་རྒྱས་སུ་མཛད་པས་དེང་སང་གི་བར་དུ་ཡང་དར་རྒྱས་སུ་བཞུགས་པ་ཡིན་ཏེ། དེ་ཡང་མར་པ་ལོ་ཙཱ་བ་འདི་ལྷོ་བྲག་དབུས་དཔེ་གསར་བྱ་བར་ཡབ་མར་པ་མོན་པའམ་མར་པ་དཀོན་མཆོག་བྱ་བའི་སྲས་སུ་སྐུ་འཁྲུངས། ལས་འཕྲོ་མང་མཁར་མུ་གུ་ལུང་དུ་སད་དེ། ཐུགས་རྒྱ་གར་འཕགས་ཡུལ་དུ་སྦྱངས། འབྲས་བུ་བོད་ཁ་བ་ཅན་དུ་སྨིན་ཏེ། དེ་ཡང་མར་པ་འདི་དང་པོ་གཞོན་ནུ་དུས་སུ་ཐུགས་ཤིན་ཏུ་གཏུམ་པ་མི་ཕལ་ཆེར་མི་སྨོན་པ་ཞིག་ཡིན་པ་ལས། དགུང་ལོ་བཅུ་གསུམ་པ་ལ་ཆོས་སྒོར་ཞུགས། ཡབ་ཀྱི་ཕ་སྤུན་ཡིན་པའི་ཆོས་པ་ཞིག་ཡོད་པ་དེའི་དྲུང་དུ་སློབ་གཉེར་ལ་བཏང་བས། ཆོས་མ་བསླབ་པར་སྡང་གཙེར་བྱེད་པ་ཞིག་བྱུང་པས། གསེར་མང་པོ་བསྐུར་ནས་ལོ་ཙཱ་སློབ་པར་གཞན་དུ་བཏང་བས། མར་པས་རིམ་གྱིས་དབུས་ཀྱི་ལྷོ་བྲག་ནས་གདན་བཏེག་སྟེ། དེ་དུས་ཁ་བ་ཅན་ནའང་འབྲོག་མི་ལོ་ཙཱ་བ་མཁས་པ་དང་མན་ངག་གི་སྙན་པ་ཆེ་བས། ཐོག་མར་མུ་གུ་ལུང་ན་འབྲོག་མི་བཞུགས་པའི་དྲུང་དུ་བྱོན་ནས་ལོ་ཙཱ་ལེགས་པར་བསླབས། ཆོས་གཞན་འགའ་རེ་ཡང་ཞུས། ལོ་གཅིག་གི་བར་དུ་མུ་གུ་ལུང་དུ་བཞུགས་ནས་གདམས་པ་ཞུས་ཀྱང་རྒྱུད་དང་གདམས་པ་ཟབ་མོ་ཡེ་མ་གནང་ནས། ལྷོ་བལ་དུ་འགྲོ་དགོས་དགོངས་པ་ན། དེ་ཉིད་བླ་མས་དགོངས་ནས། འབྲོག་བླ་ཆེན་གྱི་ཞལ་ནས། ལོ་ཙཱ་ནི་མཁས་པར་ཁྱེད་རང་གིས་ཤེས།