R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣ན
[A:༧༣ན] ད་རྒྱུད་གདམས་ངག་ཞུ་བ་ལ། ཁྱོད་ཀྱིས་སྔར་གྱི་ཞབས་ཏོག་གིས་ཅུང་མི་ཡོང་བས། ཡང་ན་ཡུལ་དུ་ལོག་ལ་རྒྱགས་ཐུབ་པ་ལོང་ལ་ཤོག ཡང་ན་ཁྱེད་རང་གིས་བྱིན་པའི་རྟ་འདི་ཡང་ཕར་བྱིན་གྱི། གསེར་དུ་ཚོང་ལ་བལ་པོ་ཙམ་དུ་ཆོས་ཞུ་བ་ལ་དཀའ་ལས་ཅི་འདུག་ཚོད་ལྟ་བ་ལ་སོང་དང་། གཟོད་ང་ལ་ཡང་གུས་པ་དྲིན་དུ་གཟོ་བ་ཞིག་ཡོང་སྟེ་མཆིས་གསུངས། དེར་བླ་མ་མར་པས་སྔར་ཁོང་རང་གིས་ཕུལ་བའི་རྟ་ནག་པོ་སེང་གེ་ཁ་གདངས་ཞེས་བྱ་བ་ཚུར་ཞུས་ནས། ཟབ་ཆེན་བུབ་ཅིག སེང་ལྡེང་གི་རྟ་སྒ་གཅིག་དང་གསུམ་རྟག་རིགས་སུ་འཚོང་དུ་ཕྱིན་པས་གསེར་སྲང་ཉི་ཤུ་ཁུགས་ནས། དགེ་བཤེས་ཀློཀྱ་ཆེན་པོས་གྲོགས་མཛད་ནས་རིམ་གྱིས་བལ་པོར་བྱོན་ཏེ། ལམ་གྱི་དཀའ་བ་དཔག་ཏུ་མེད་པ་བྱུང་ཡང་དང་དུ་བཞེས་པ་ཡིན་ཏེ། དེ་ཉིད་ཀྱི་གསུང་ལས། ནགས་འཐུག་པོ་གཅིག་ལ་ཐོན་དུས་མེད། །ལམ་རིང་པོ་གཅིག་ལ་བགྲོད་དུས་མེད། །གཅན་གཟན་འཕྲང་དང་ཆུ་ལ་ཐར་དུས་མེད། །ལམ་དེ་ཀུན་ནི་བདེ་དོག་མཐོང་ཙམ་ན། །བྱ་དགུང་ལ་འཕུར་བའང་གཤོག་རྩེ་འདར། །ཞེས་གསུངས། དེ་ནས་བལ་པོར་བལ་པོ་སྤྱི་ཐེར་བ་ལ་རྡོ་རྗེ་གདན་བཞི་ལ་སོགས་པའི་ཆོས་མང་དུ་གསན་ཀྱང་། དེས་ཀྱང་ཐུགས་མ་ཚིམ་པ་ལུས་སྲོག་ཁྱད་དུ་བསད་དེ། རྒྱ་གར་དུ་གཤེགས་ཏེ། ཉིད་ཀྱི་གསུང་ལས། རྒྱ་གར་གྱི་ཡུལ་དུ་ཕྱིན་ཙམ་ན། །མཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། །སྲོག་ཅི་བདེར་ཐོན་པ་ཅུང་མ་བསམས། །གཅན་གཟན་གྱི་ངར་སྐད་ཐོས་ཙམ་ན། །ལུས་གཙང་མར་ཐོན་པ་ཡིད་ལ་བྱེད། །སྦྲུལ་སྦྲམ་ཆེན་གྱི་ཁ་རླངས་