R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣བ
[A:༧༣བ]མཐོང་ཙམ་ན། །ཡིད་བརྟན་པོར་ཕྱིན་ཀྱང་གོམ་ཚུགས་འཁྱོར། །ལམ་དེ་ཀུན་གྱི་ཚ་གྲང་བཤད་ཙ་ན། །དུས་ད་ལྟ་དྲན་ཡང་བློ་སྙིང་འདར། །ཞེས་དང་། ཆོས་སྙིང་ནས་འཚོལ་བའི་གདུང་སེམས་སྐྱེས། །ཡུལ་རྒྱ་གར་ཤར་ནུབ་ཆུ་བཞིན་ཉུལ། །ཐང་ཆེན་པོ་གཅིག་ལ་ཕ་མཐའ་མེད། །མྱ་ངན་གྱི་ཐང་ལ་ཕྱིན་ནོ་སྙམ། །ཡིད་ཆོས་ལ་བསམས་ཀྱང་སྙིང་རླུང་འཕྱོ། །ནད་འཚོ་བར་དཀའ་བའི་ཚད་པས་ཐེབས། །ལར་དེ་ཤི་དེ་ཆད་བཅུ་གསུམ་བྱུང་། །ཁ་ཆེམས་ཀྱང་ཚིག་གསུམ་བཞག་ས་མེད། །དབུགས་འགྱུ་བ་ཆད་པ་ལན་གསུམ་མྱོང་། །དུས་དེ་ཀུན་གྱི་བདེ་སྡུག་མྱོང་ཙམ་ན། །སྡང་དགྲ་ཡི་མིག་ནས་མཆི་མ་འཆོར། །ཞེས་གསུངས་སོ། །ཚུལ་དེ་ལྟ་བུའི་དཀའ་སྤྱད་བཞེད་དེ་རྒྱ་གར་དུ་ཕེབས། པཎྜི་ཏ་སུ་མཁས་དྲིས་པས། མཻ་ཏྲི་པ་དང་། ནཱ་རོ་པས་གྲུབ་པ་ཐོབ་ཟེར་བས། ཐོག་མར་མཻ་ཏྲི་པ་ལ་གསེར་ཕུལ་ནས་ཞུས་པས། ངས་བླ་མ་དང་སྤྲད་ཀྱིས་གསུངས་ནས། ནཱ་རོ་པ་ཅན་བཏང་། མར་པས་བྱོན་པས་ཟླ་བ་དྲུག་ཏུ་མ་མཇལ། དེའི་དུས་སུ་མར་པ་ལ་ས་གདོན་གྱི་སྙུན་ཐུ་མོ་ཞིག་བྱུང་ནས། ནཱ་རོ་པའི་རྣག་གསོལ་བས་སྙུན་ལས་གྲོལ། དེ་ནས་ནཱ་རོ་པ་སྐུ་ཁམས་བསང་བ་སོགས་ཀྱི་རྗེས་སུ་འབྲེངས་ཏེ་མཎྜལ་འབུལ་ཞིང་གསོལ་བ་བཏབ་པས། ཟླ་བ་དྲུག་ནས་མཇལ་ཁ་གནང་སྟེ་འདུས་པའི་དབང་དང་། རིམ་ལྔ་སྨར་ཁྲིད། རྒྱུད་ཀྱི་བཤད་པ་ཧྲིལ་ཙམ་དང་བཅས་པ་སྩལ་ཞིང་ལོ་དྲུག་དང་ཟླ་བ་བདུན་གྱི་བར་མར་པས་ནཱ་རོ་པའི་དྲུང་དུ་བཞུགས། དེ་ནས་བོད་དུ་བྱོན་ལ་སྟོད་དགེར་ཕུ་རུ་ཀློ་སྐྱ་སྟོན་པས་སྣ་ལེན་བྱས་ཏེ། ཆོས་འཆད་ཅིང་ལོ་གཅིག་བཞུགས། དེ་ནས་དབུ་རུ་བྱང་ངོས་