R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤ན
[A:༧༤ན]སུ་བྱོན། མར་པ་མགོ་ལེགས་བྱ་བས་སྣ་ལེན་བྱས་ཏེ་ཆོས་བཤད་པས། མགོ་ལེགས་ཀྱིས་གསེར་སྲང་བཅུ་གཉིས་ཕུལ། དེ་ནས་གསེར་བྲེ་གང་ཙམ་བྱུང་བ་ཁྱེར་ཏེ། རྒྱ་གར་དུ་བླ་མ་དང་མཇལ་བར་བྱོན་པས། ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་མི་བཞུགས་པས། དགོན་པར་ཇོ་མོ་ལ་ཚོགས་འཁོར་གཅིག་བྱས་གསོལ་བ་བཏབ་པས་ཞལ་མཇལ་གསེར་ཕུལ་ནས་ཆོས་ཞུས་པས། དགེས་རྡོར་དང་གདན་བཞི་བདེ་མཆོག་སོགས་གནང་ནས་ཤེས་སམ་ལན་གསུམ་གསུངས། ཤེས་ལགས་ཞུས། སླར་ཡང་བདེ་མཆོག་གི་ཆོས་ཅིག་ཞུ་སྙམ་ཙ་ན་གར་གཤེགས་ཆ་མ་བྱུང་ཡང་མཎྜལ་ཕུལ་གསོལ་བ་བཏབ་པས། རི་ཟུར་ཞིག་ལ་བཞུགས་པ་མཐོང་ནས་དེར་བྱོན་པས། ནཱ་རོ་པ་རྣག་ཀ་པཱ་ལི་གང་མི་རྩིབས་ཀྱིས་གསོལ་ནས་གྲུབ་པ་ན། ཀ་པཱ་ལི་ཁ་ཕུབ་སོང་བ། མར་པས་བླངས་ཏེ་ལྷག་མ་བྱོགས་ནས་གསོལ་བས། རོ་ཤིན་ཏུ་ཞིམ་པ་ཞིག་འདུག་ནས་ལྷག་མ་ལུས་པ་གསོལ། ཀ་པཱ་ལི་བསྣམས་ཏེ་སྲས་ལ་གཏད། དེ་ལྟར་བླ་མ་མར་པ་འདིས་སྤྱིར་འཕགས་ཡུལ་དུ་ལན་གསུམ། བལ་པོར་ལན་གསུམ་སྟེ་རྒྱ་བལ་དུ་ཆོས་ཀྱི་ཆེད་ཁོ་ནར་ལན་དྲུག་བྱོན་ཏེ། རྒྱ་གར་ཤར་ནུབ་ལྷོ་བྱང་ཁ་ཆེ་བལ་པོ་སོགས་ཐམས་ཅད་ཉུལ། པཎྜི་ཏ་དང་ཀུ་ས་ལིར་གྲགས་པ་བླ་མ་བརྒྱ་རྩ་བརྒྱད། བཤད་སྲོལ་འཛིན་པ་ལྔ་བཅུ། སྣང་བ་འགྱུར་ངེས་བཅུ་གསུམ། ལྷག་པར་གསང་བ་འདུས་པ་གསན་པའི་བླ་མ་བདུན། ཁྱད་པར་དུ་འཕགས་པའི་བླ་མ་བཞི་སོགས་མཁས་གྲུབ་དཔག་ཏུ་མེད་པ་ཞིག་བསྟེན་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། ཞབས་པད་སྤྱི་བོར་རེག་མཛད་ཅིང་། །གསུང་དོན་