R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤བ
[A:༧༤བ]བདུད་རྩིའི་རྗེས་གནང་བ། །ཆོས་འབྲེལ་ཙམ་གྱི་བླ་མ་མང་། །དཔལ་སིངྒ་གླིང་པས་སྣ་དྲངས་པ། །སྣང་བ་འགྱུར་ངེས་བཅུ་གསུམ་བཞུགས། །ཞེས་གསུངས་པས་སོ། །གཞན་ཡང་བལ་པོ་སྤྱི་ཐེར་བ། ཡེ་ཤེས་སྙིང་པོ། ཞི་བ་བཟང་པོ། མཻ་ཏྲི་པ། ནཱ་རོ་པཎ་ཆེན་སོགས་གྲུབ་ཐོབ་ལྔ་ཡོད་དེ། ཆོས་སྨོན་ལམ་གྱི་འབྲེལ་པ་བཅུ་གསུམ་བཞུགས། །ཁྱད་པར་གྲུབ་ཐོབ་ཞལ་སྔ་བཞུགས། །ཞེས་གསུངས། དེ་རྣམས་ཀྱི་ནང་ནས་ཡེ་ཤེས་སྙིང་པོ་ལ་ནུབ་གུ་ལ་ཀྵེ་ཏྲ་ཞེས་བྱ་བའི་གནས་སུ་རྒྱུད་གསང་བ་འདུས་པ་དང་། མན་ངག་སྒྱུ་ལུས་དང་འོད་གསལ། འདུས་པ་རིམ་ལྔའི་གདམས་ངག་རྣམས་ཞུས། བྱང་ཕུ་ལ་ཧ་རི་བྱ་བར་ནཱ་རོ་པ་ལ་རྒྱུད་དགེས་པ་རྡོ་རྗེ་དང་། མན་ངག་བསྲེ་འཕོ་གསན། ཤར་ཆུ་བོ་གངྒཱར་མཻ་ཏྲི་པ་ལ་རྒྱུད་བསྟོད་པ་གླུར་བླངས་དང་། མན་ངག་ཕྱག་རྒྱ་ཆེན་པོ་གསན། ལྷོ་དུག་མཚོ་ཁོལ་མར་དཔལ་ཞི་བ་བཟང་པོ་ལ་རྒྱུད་མ་ཧཱ་མཱ་ཡ་དང་། མན་ངག་དབྱིབས་རྣལ་འབྱོར་གསུམ་བྱ་བ་གསན་པས་འདི་བཞི་ལ་ཁྱད་པར་དུ་འཕགས་པའི་བླ་མ་བཞི་ཞེས་ཀྱང་བྱའོ། །དེ་ལྟར་ཡང་ཉིད་ཀྱི་གསུང་ལས། ནུབ་གུ་ལ་ཀྵེ་ཏྲའི་གྲོང་ཁྱེར་དུ། །དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་གཏུགས། །སྒྱུ་ལུས་འོད་གསལ་གྱི་གདམས་ངག་ཐོབ། །ལམ་རིམ་པ་ལྔ་ཡི་དོན་ལ་བསླབས། །ཞེས་སོགས་གསུངས་པས་སོ། །དེ་བཞིའི་ནང་ནས་ཀྱང་རྒྱལ་སྲས་མཻ་ཏྲི་པ་དང་པཎ་ཆེན་ནཱ་རོ་པ་གཙོ་བོ་ལྟ་བུར་མཛད་དེ། ཇི་སྐད་དུ། རྗེ་འགྲན་གྱི་དོ་མེད་རྣམ་གཉིས་བཞུགས། །གཙོ་བོ་པན་ཆེན་ནཱ་རོ་པ། །དེ་འོག་རྒྱལ་སྲས་མཻ་ཏྲི་པ། །ཞེས་གསུངས། དེ་ལྟར་