R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༥ན
[A:༧༥ན]མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་དུ་བསྟེན་པས་གསང་འདུས་རིམ་ལྔའི་སྨར་ཁྲིད་མི་ཐེ་བའི་རྫོགས་རིམ་ཟབ་མོའི་ཁྲིད་བརྒྱ་རྩ་བརྒྱད་བཞུགས་པ་ཡིན་ཏེ། རིམ་ལྔའི་སྨར་ཁྲིད་མ་གཏོགས་པའི། །རྫོགས་རིམ་བརྒྱ་དང་བརྒྱ་རྩ་ཤེས། །ཆེ་ན་ངོ་མཚར་དེ་ཆེ་མོད། །ཅེས་གསུངས་སོ། །དེ་ལྟར་རྗེ་མར་པས། རྒྱ་གར་གྱི་ཡུལ་དུ་ལན་གསུམ་ཕྱིན། །ནཱ་རོ་པཎ་ཆེན་གྱི་བྱིན་གྱིས་བརླབས། །བསྒོམས་ཏེ་སངས་ནི་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་བ་ཡིན། །ཞེས་གསུངས་པ་ལྟར་འཕགས་ཡུལ་དུ་ལན་གསུམ་བྱོན་པའི་སྔ་ཕྱི་ཀུན་བསྡོམས་པས་ལོ་བཅོ་བརྒྱད་བཞུགས། སྤྱིར་ཆོས་མང་དུ་ལོབས། ཁྱད་པར་གསང་བ་འདུས་པ་རྒྱུད་རྐྱང་མན་ངག་དང་བཅས་པ་དང་། རིམ་ལྔའི་སྨར་ཁྲིད་སྙིང་པོའི་དོན་ཧྲིལ་གྱིས་དྲིལ་བསོགས་གསན་ཏེ། དེ་ནས་བརྒྱུད་པ་ལ་སྒྲོ་འདོགས་ནང་ནས་གཅོད་པ་གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ་ཞེས་གྲགས། ཡང་དཔལ་ཡེ་ཤེས་སྙིང་པོ་ལ་འདུས་པའི་རྩ་རྒྱུད་བཤད་རྒྱུད་འགྲེལ་བ་འགྲེལ་བཤད་དང་བཅས་པ་སོགས་རྒྱས་པར་ཞུས། དེ་ནས་བརྒྱུད་པ་ལ་མཁས་པ་པཎྜི་ཏའི་ལུགས་སམ་བརྒྱུད་པ་ཞེས་གྲགས་སོ། །དེ་ལྟ་བུའི་སྐྱེས་མཆོག་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ལ་སློབ་མའི་མཆོག་ཀྱང་། གྲོང་འཇུག་གི་བཀའ་བབས་རང་གི་རིགས་སྲས་དར་མ་མདོ་སྡེ། འཕོ་བའི་བཀའ་བབས་དོལ་གྱི་ཚུར་སྟོན་དབང་གི་རྡོ་རྗེ། བཤད་རྒྱུད་ཀྱི་བཀའ་བབས་གཞུང་གི་རྔོག་ཆོས་སྐུ་རྡོ་རྗེ། འོད་གསལ་ཀྱི་བཀའ་བབས་གཙང་རོང་གི་མེས་སྟོན་ཚོན་པོ། བདེ་དྲོད་ཀྱི་བཀའ་བབས་གུང་ཐང་གི་མིད་ལ་རས་པ་སོགས་བྱོན་པའི་ཕྱི་མ་འདི་བཞི་ལ་མཉེས་