R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨ན
[A:༨ན]དང་བཤད་པའི་རྒྱུད་རྣམས་གསུངས། ཕྱག་ན་རྡོ་རྗེ་ལ་གཏད། དེར་རྒྱལ་པོས་རྒྱུད་རྣམས་གསེར་གྱི་ཤོག་བུ་ལ་བཻཌཱུརྻའི་ཞུན་མས་བྲིས་ཏེ། དེ་དག་བཞུགས་པའི་ཁང་བུ་ཡང་བྱས་སོ། །དེ་ནས་རྒྱལ་པོའི་འཁོར་ཡུལ་ཁམས་དེ་ན་གནས་པའི་མི་ཐམས་ཅད་དང་། བྱ་རོག་ཚུན་ཆད་ཀྱང་གཏོར་ཟན་ཟོས་པས་གྲུབ་པ་ཐོབ་སྟེ། རིམ་གྱིས་ཡུལ་ཁམས་དེ་སྟོངས་ནས་མཚོ་ཆེན་པོ་གཅིག་ཏུ་གྱུར། མཚོ་དེ་ལ་ཀླུ་མང་པོ་གནས་ཤིང་མཚོ་འགྲམ་དུ་རིམ་པས་གྲོང་ཡང་ཆགས། དེ་ནས་སླར་ཡང་ཕྱག་ན་རྡོ་རྗེས་མཚོར་གནས་པའི་ཀླུ་རྣམས་ལ་དབང་བསྐུར། རྒྱུད་བཤད། ལམ་བསྟན་པས་ཀླུ་ལས་བྱུང་བའི་དཔའ་བོ་དང་རྣལ་འབྱོར་མ་མང་དུ་བྱུང་ངོ་། །དེ་ནས་མཚོ་དེ་སྐམ་པས་སྔར་རྒྱལ་པོས་བཞེངས་པའི་དཔེ་ཁང་དེ་ཆུས་མ་ཉམས་པར་བྱུང་བས། ཧེ་རུ་ཀ་རང་བྱུང་གི་གནྡྷོ་ལ་ཞེས་མིང་དུ་བཏགས། དེ་ཉིད་དེང་སང་ཡང་བར་སྣང་ལ་བཞུགས་ཤིང་སྐལ་ལྡན་འགའ་རེས་མཐོང་བ་ཡིན་པར་བཤད་དོ། །དེ་ལྟར་དུ་གསུངས་པའི་གསང་བ་འདུས་པའི་རྒྱུད་ལ་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་གཉིས་ལས། དང་པོ་ནི་རྩ་རྒྱུད་ལེའུ་བཅོ་བརྒྱད་པ་འདི་ཉིད་དེ། འདིའི་ཡང་ལེའུ་བཅུ་བདུན་པ་ཡན་ཆད་རྩ་རྒྱུད་དང་། ལེའུ་ཕྱི་མའམ་རྒྱུད་ཕྱི་མ་འདི་ཡེ་ཤེས་ཞབས་ལུགས་པས་བཤད་རྒྱུད་དུ་མཛད་ནས། གསང་བ་འདུས་པའི་བཤད་རྒྱུད་ལ་རྒྱུད་ཕྱི་མ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་སྡེ་གཉིས་སུ་ངེས་པར་བཞེད། འཕགས་ལུགས་ལ་གསང་བ་འདུས་པའི་བཤད་རྒྱུད་བཞིར་ཡོད་དེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད། །དགོངས་པ་ལུང་སྟོན།