R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧བ
[A:༧༧བ]ཐང་སྤེ་མཁན་པོ་ཚུལ་ཁྲིམས་སྐྱབས་ལ་འདུས་པའི་མན་ངག་རྫོགས་པར་གནང་བ་ཡིན་ཏེ། ཐང་སྤེ་བ་འདི་ནི་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ལ་མཁྱེན་པ་ཐོགས་མེད་དུ་རྒྱས་པ། ལོ་བཅུ་གཉིས་སུ་ཤམ་ཐབས་མ་བཞེས་པར་སྟན་ཐོག་གཅིག་ཏུ་སྒོམ་སྒྲུབ་མཛད་པས་རྟོགས་པ་ཆེན་པོ་འཁྲུངས་ཏེ། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། རྫོགས་པའི་རིམ་པ་ལ་རྟགས་ཐོན། ངག་རྡོ་རྗེའི་བཟླས་པར་འབྱོངས། སྣང་བ་སྒྱུ་ལུས་སུ་འབྱོངས། ཐུགས་འོད་གསལ་གྱི་ངང་ལ་བཞུགས། ཟུང་འཇུག་གི་ཏིང་ངེ་འཛིན་ལ་མངའ་བརྙེས་པས་སྣང་བ་ལ་གཉིས་འཛིན་གྱི་རྟོག་པ་ཟིལ་གྱིས་ནོན་པས། དུས་རྟག་ཏུ་འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་དང་མཐུན་པར་བཞུགས་ཏེ་འགྲོ་དོན་མཛད་པ་ཞིག་ཡིན་པར་བཤད་དོ། །དེས་ཐང་སྤེ་བ་འཕགས་པ་སྐྱབས་ལ་འདུས་པ་མར་ལུགས་ཡོངས་སུ་རྫོགས་པ་གནང་སྟེ། འདིའི་རྣམ་ཐར་ནི་གོང་དུ་བསྟན་ཟིན་ལ། དེས་གྲུབ་ཐོབ་གསེར་སྡིང་པ་གཞོན་ནུ་འོད། དེས་ཀུན་མཁྱེན་ཆོས་སྐུ་འོད་ཟེར། དེས་འཕགས་འོད་ཡོན་ཏན་རྒྱ་མཚོ། དེས་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ལ་གནང་བ་ཡིན་ནོ། །ཡང་ཁོན་གད་པ་ཀཱིརྟིས། མི་ཉག་ཐུར་བ་ལ། དབུས་པ་མགར་དགའ། གྲུབ་ཐོབ་ཞང་ཞུང་པ་ཆོས་ཀྱི་དབང་ཕྱུག་སྟེ་ཐུགས་སྲས་གསུམ་ལ་གནང་། དེ་གསུམ་ཆར་ལ། གང་བར་གསེར་ཁའི་རིན་ཆེན་གླིང་པ་ཚུལ་ཁྲིམས་མཛེས་ཀྱིས་ཞུས། དེས་རྒྱ་རྣལ་འབྱོར་ཕོ་བ་ལུང་པ་ལ་གདམས་ཏེ། འདིས་རིམ་ལྔ་བསྡུས་གསལ་གྱི་འགྲེལ་པ་སོགས་མར་ལུགས་ཀྱི་ཡིག་ཆ་མང་དུ་མཛད། དེས་དགེ་སློང་ཆོས་གྲགས་བཟང་པོ།