R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༨བ
[A:༧༨བ]རྒྱུད་འགྲེལ་གྱི་བཤད་པ་ལན་གསུམ་དང་། དབང་བཀའ་སྒྲུབ་ཐབས་ཀྱི་བཤད་པ་ལན་མང་པོ་དང་བཅས་པ་གསན་ཞིང་། འགོས་ལུགས་ཀྱི་རིམ་ལྔའི་ཁྲིད་དང་། མར་ལུགས་ཀྱི་རིམ་ལྔའི་ཁྲིད་དེ་གཉིས་ནི། བུ་སྟོན་ནས་བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི་སོགས་བརྒྱུད་དེ་གསན་པ་ཡིན་ལ། དེ་ལྟ་བུའི་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཁས་གྲུབ་ཀྱི་བླ་མ་གཉིས་ལས། དཔལ་གསང་བ་འདུས་པ་མར་འགོས་གཉིས་ཀྱི་གདམས་པ་མ་ལུས་པ་གསན་ནས་ངོར་ཨེ་ཝཾ་ཆོས་ལྡན་དུ་ཡང་ཉི་མ་རེ་ལ་ཡང་རྒྱུད་མན་ངག་གི་ཆོས་ཐུན་གཉིས་རེ་གནང་བ་སོགས་དཀའ་སྤྱད་དང་ངལ་དུབ་དུ་མ་ཞིག་དང་དུ་བཞེས་ཏེ། བསྟན་པའི་ཁུར་ཆེན་པོ་བསྣམས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པས་གསུང་རྒྱུན་ཟིན་ངེས་པའི་མཁས་པ་ཡང་མང་དུ་བྱུང་སྟེ། མཁས་པའི་དབང་པོ་གུང་རུ་ཤེས་རབ་བཟང་པོས་ངོར་ཆེན་གྱི་གསུང་ཇི་ལྟར་བ་བཞིན་བྲི་བར་མཛད་པའི་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་རྨོངས་པའི་མུན་སེལ་ལམ། ཡིད་ཀྱི་མུན་སེལ་ཞེས་ཀྱང་བྱ། ལོག་རྟོག་གི་མུན་པ་སེལ་བ་པདྨོའི་གཉེན་ཞེས་ཀྱང་བྱ་བ་དང་། སྡོམ་བརྩོན་དམ་པ་དཔལ་གྱི་རྒྱལ་མཚན་གྱིས། རྡོ་རྗེ་འཆང་གི་གསུང་རྒྱུན་བཞིན་བྲིས་པའི་གསང་འདུས་ཀྱི་རྣམ་བཤད་བློའི་པདྨོ་རྒྱས་བྱེད་ཅེས་པ་དང་། ཆོས་ཀྱི་རྗེ་སྲད་པ་ཀུན་བློའི་གསང་འདུས་ཀྱི་རྒྱུད་ཀྱི་སྤྱི་རྣམ་ཆེན་མོ་སོགས་དང་། གཞན་ཡང་སྦྱར་བྱང་གསལ་ཁ་མེད་པའི་ངོར་ཆེན་ཀུན་དགའ་བཟང་པོའི་གསང་འདུས་ཀྱི་རྒྱུད་དང་མན་ངག་གི་ཡིག་ཆ་མང་པོ་ཞིག་ཁོ་བོ་ཅག་གིས་ཀྱང་མཐོང་ཞིང་། གཞན་ཡང་མང་དུ་ཡོད་པར་སྣང་ལ། ངོར་ཆེན་རྡོ་རྗེ་འཆང་ཉིད་ཀྱི་མཛད་པའི་གསང་བ་