R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༩ན
[A:༧༩ན]འདུས་པའི་བཤད་སྐོར་ལ། གསང་བ་འདུས་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རྒྱ་མཚོ། སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ། དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ། མཆོད་འཕྲེང་མཆོད་སྤྲིན་རྒྱ་མཚོ། གཏོར་ཆོག་འདོད་དགུའི་རྒྱ་མཚོ། སྦྱིན་སྲེག་འཕྲིན་ལས་རྒྱ་མཚོ། རབ་གནས་བཀྲ་ཤིས་རྒྱ་མཚོ། བཀྲ་ཤིས་དགེ་ལེགས་རྒྱ་མཚོ་སོགས་རྒྱ་མཚོ་སྐོར་བརྒྱད་དམ། ཡང་རྡོ་རྗེ་སེམས་དཔའི་མཆོད་ཆོག་དང་རྒྱ་མཚོ་སྐོར་དགུར་གྲགས་པ་རྣམས་མཛད་ལ། གཞན་ཡང་རིམ་ལྔའི་ཁྲིད་ཡིག་ཟུང་འཇུག་གསལ་བ་སོགས་ཡིག་སྐོར་མང་དུ་མཛད་ནས་དཔལ་གསང་བ་འདུས་པའི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་པ་ལྟར་གསལ་བར་མཛད་པ་ཡིན་ནོ། །དེའི་དྲུང་དུ་གསང་འདུས་འགོས་ལུགས་མར་ལུགས་གཉིས་ཀའི་ཆོས་སྐོར་ཡོངས་སུ་རྫོགས་པ་གསན་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བའི་ནང་ནས་བརྒྱུད་འཛིན་གྱི་གཙོ་བོ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཏེ། དེ་ཉིད་ཀྱིས་གསང་འདུས་མར་འགོས་གཉིས་ཆར་གྱི་ལུགས་ལེགས་པར་གསན་ཞིང་། འཆད་ཉན་ཀྱང་ཡང་ཡང་མཛད་པས། མང་མཁར་བ་བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་གྱི་རིམ་ལྔའི་ཁྲིད་ཀྱི་ཟིན་བྲིས་སོགས་གསུང་རྒྱུན་བྲིས་པའི་ཡིག་ཆ་ཡང་མང་དུ་བྱུང་བ་ཡིན་ནོ། །མུས་ཆེན་སེམས་དཔའ་ཆེན་པོ་འདི་ཉིད་ལ་འདུས་པའི་བརྒྱུད་པ་འཛིན་པའི་སློབ་མ་དཔག་ཏུ་མེད་པ་ཞིག་བྱུང་ཡང་། གཙོ་བོར་གྱུར་པ་ནི་རྗེ་བཙུན་ཀྱི་ཐུགས་ཀྱི་སྲས་མཆོག་ཀུན་མཁྱེན་མཁས་པའི་དབང་པོ་བསོད་ནམས་སེང་གེ་སྟེ་རྗེ་འདིས་སེམས་དཔའ་ཆེན་པོའི་དྲུང་དུ་འདུས་པ་འཕགས་ལུགས་དང་ཡེ་ཤེས་