R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༩བ
[A:༧༩བ]ཞབས་ལུགས་སོགས་ཀྱི་དབང་དང་། ཁྲིད་བཀའ་བཤད་བཀའ་ལུང་བཀའ་ཐམས་ཅད་རྫོགས་པར་གསན། ཡིག་ཆ་ཡང་འཕགས་སྐོར་ལ་རིམ་ལྔའི་ཁྲིད་ཡིག་ཟུང་འཇུག་གསལ་བའི་ཁ་སྐོང་དང་། ཡེ་ཤེས་ཞབས་ལུགས་འདི་ས་སྐྱ་པ་རང་གི་ཡབ་ཆོས་ཐུན་མོང་མ་ཡིན་པ་ཡིན་པ་ལ་དགོངས་ནས་ཆེས་ཆེར་དར་བའི་ཐུགས་བཞེད་ཀྱིས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཉི་འོད་དང་། དེའི་དཀྱིལ་ཆོག གཏོར་ཆོག མཆོད་འཕྲེང་། སྒྲུབ་ཐབས་ཀྱི་རྣམ་བཤད་ལམ་བཟང་གསལ་བའི་སྣང་བ་ཞེས་བྱ་བ་རྣམས་མཛད་དེ། འདུས་པ་སྤྱི་དང་། ཁྱད་པར་ཡེ་ཤེས་ཞབས་ལུགས་མཆོག་ཏུ་དར་བར་མཛད་དོ། །ཀུན་མཁྱེན་ཆེན་པོ་དེ་ཉིད་ལ་འདུས་པའི་ཆོས་སྐོར་ནོས་པའི་སློབ་མ་མང་དུ་བྱུང་ཡང་བརྒྱུད་འཛིན་གྱི་གཙོ་བོ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་མུས་ཆེན་འཇམ་པའི་དབྱངས་སངས་རྒྱས་རིན་ཆེན་དང་། པཎ་ཆེན་ཀོང་སྟོན་དབང་ཕྱུག་གྲུབ་པ་སོགས་ཏེ། རྗེ་འཇམ་དབྱངས་སངས་རྒྱས་རིན་ཆེན་གྱི་དྲུང་དུ་ས་ལོ་ཆེན་པོས་འདུས་པ་མི་བསྐྱོད་པའི་དབང་བཀའ་སོགས་གསན་ཞིང་། ས་ལོ་ཐམས་ཅད་མཁྱེན་པ་ལ་རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་དང་། ཉན་ཆེན་གྲགས་པ་བློ་གྲོས་སོགས་འདུས་པའི་ཆོས་སྐོར་གསན་པའི་སློབ་མ་མང་དུ་འཕེལ་བའི་ནང་ནས། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་དྲུང་དུ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་འདུས་པའི་ཆོས་སྐོར་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་མཐའ་ཡས་པ་ཞིག་གསན། འདུས་པ་འཕགས་