R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨བ
[A:༨བ] ལྷ་མོ་བཞིས་ཞུས། རྡོ་རྗེ་ཕྲེང་བ་རྣམས་སོ། །དེ་ལྟར་ན་འཕགས་ལུགས་ལ་རྩ་རྒྱུད་ལེའུ་བཅུ་བདུན་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། དགོངས་པ་ལུང་སྟོན། ལྷ་མོ་བཞིས་ཞུས། རྡོ་རྗེ་ཕྲེང་བ་སྟེ་རྩ་བཤད་ཀྱི་རྒྱུད་ལྔ་པོ་འདི་ནི་མེད་དུ་མི་རུང་གི་རྒྱུད་ཡིན་ཏེ། རྒྱུད་ལྔ་པོ་དེ་དག་གང་རུང་ཞིག་མ་ཚང་ན་ཡང་འཆད་ཐབས་ཀྱི་མན་ངག་མཐའ་དྲུག་དང་། ཚུལ་བཞིའི་འཆད་ཚུལ་སོགས་དང་། བསྐྱེད་རྫོགས་ཀྱི་ཉམས་ལེན་རྣམས་ལ་ཚང་བར་མི་ཐོན་པའི་ཕྱིར། དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང་། དགོངས་པ་ལུང་སྟོན་གཉིས་ནི་གསང་འདུས་ཀྱི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་ཡིན་ལ། ལྷ་མོ་བཞིས་ཞུས་དང་། རྡོ་རྗེ་འཕྲེང་བ་གཉིས་ནི་རྒྱུད་སྡེ་གཞན་དང་ཐུན་མོང་བའི་བཤད་རྒྱུད་ཡིན་ཏེ། དང་པོ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱིས་མཐའ་དྲུག་དང་ཚུལ་བཞི་སོགས་རྩ་རྒྱུད་ཀྱི་དོན་གྱི་ཆ་སྟོན། དགོངས་པ་ལུང་སྟོན་གྱིས་ཚིག་གི་ཆ་གཙོ་བོར་སྟོན། རྡོ་རྗེ་འཕྲེང་བས་བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ་དང་། ཡུལ་ཉི་ཤུ་རྩ་བཞིའི་རྩ་ཁམས་སོགས་བཤད་པས་བདེ་མཆོག་དང་ཐུན་མོང་བ། ལྷ་མོ་བཞིས་ཞུས་ནི་སམྦུ་ཊི་དང་ཐུན་མོང་བ་ཡིན་པས་མ་རྒྱུད་སྤྱིའི་བཤད་རྒྱུད་དུ་འགྲོ་བའི་ཕྱིར། དེ་ལྟར་མེད་ཁ་མེད་ཀྱི་རྒྱུད་ལྔ་པོ་དེ་དག་ཡིན་ཀྱང་། པཎ་ཆེན་ཉི་ཟླ་ཡེ་ཤེས་སེངྒེ་སོགས་ཕྱིས་ཀྱི་མཁས་པ་འགའ་ཞིག་གིས་རྒྱུད་ཕྱི་མ་ཡང་འཕགས་ལུགས་ལ་གསང་བ་འདུས་པའི་རྒྱུད་དུ་ཁས་ལེན་དགོས་ཏེ། དེ་གཉིས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་གསང་བ་འདུས་པའི་མེད་ཁ་མེད་ཀྱི་རྒྱུད་དུ་བཞེད། འཕགས་པ་ཡབ་སྲས་ཀྱིས་ཀྱང་དེ་