[A:༨༤ན]སུ་མཛད་པའི་གསང་སྒྲུབ་ཅིག་ཡོད་འདུག་པ། དེ་བདག་ལ་ཅིས་ཀྱང་གནང་དགོས་ཞུས་པས། འདི་ལྟ་བུ་ངས་སྔར་རྒྱ་བོད་དུ་སློབ་མ་སུ་ལ་ཡང་སྟེར་མ་ཕོད་པ་ཡིན་ནའང་། ཁྱེད་ས་སྐྱ་པ་ཆོས་སྐྱོང་འདིའི་བདག་པོར་འོས་པ་འདུག་པས་དེ་བཞིན་བྱེད་གསུངས། གཞན་ཡང་གདམས་པ་འདི་ཞུ་བ་བྱུང་དོགས་པས། རྒྱ་སྐད་དུ་བྱའོ་གསུངས་ནས་གནང་། ཆོས་རྗེ་པས་ཀྱང་རྒྱ་ཡིག་ཏུ་བྲིས། ཕྱིས་མཆོད་རྟེན་ཁྲུ་གང་བ་གཅིག་གི་ནང་དུ་བཅུག་ནས་ཞབས་སྡོམ་བསྡམས་ནས་རྟེན་གྱི་གྲལ་ན་ཡོད་པ་ན། སློབ་མ་བགྲེས་པོ་ཀྱཻ་རྡོ་རྗེ་ཞལ་ལན་གསུམ་གཟིགས་པའི་དགེ་སློང་ཟླ་བ་རྒྱལ་མཚན་བྱ་བ་ལོ་བདུན་ཅུ་ལོན་པ་གཅིག་གིས་ཆོས་སྐྱོང་གི་ལུང་བསྟན་བྱུང་ནས། སྤྱད་དངོས་ཐམས་ཅད་སྤངས་ཐག་བྱས་ནས་ཕུལ་ཏེ་འདི་ཞུས་ནས་གནང་། ཁོང་གིས་བསྙེན་པ་བྱས་པ་ཙམ་གྱིས་ཁོང་གི་ཞིང་ལ་རྐུན་མ་བྱུང་བ་ལ། རྐུན་མ་ལྔ་ཞག་གཅིག་ལ་ཁྲག་སྐྱུགས་ནས་ཤི་བ་སོགས་ནུས་མཐུ་དཔག་མེད་བྱུང་། དེ་ལྟ་བུ་གདམས་པ་དེ་ལ་པཎ་ཆེན་གྱི་ཞལ་ནས་རང་ལ་ཅི་རི་བ་འདི་ལ་རི་བ་ཡིན། བོད་དུ་འདི་ལས་ཟབ་པའི་ཆོས་སྐྱོང་གི་གདམས་པ་ཡོངས་མྱོང་བ་མེད་ཅེས་གསུངས་པས་ཆེ་བརྗོད་ཀྱང་དཔག་མེད་མཛད་པ་ཡིན་ལ། ཁྱད་པར་དུས་དེར་གསང་བ་འདུས་པའི་དབང་དང་རྒྱུད་སྒྲུབ་ཐབས་གདམས་པ་ཀུན་ཆ་ཚང་བར་གསན། དེའི་ཚེ་ལོ་པཎ་ཁྱད་པར་ཅན་ཁ་ཆེ་པཎ་ཆེན་དང་། བདག་ཉིད་ཆེན་པོ་ས་པཎ་གཉིས་ཀྱིས་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་དང་། སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པའི་དཀྱིལ་ཆོག་ཟུང་འཇུག་གསལ་བ་གཉིས་གསར་དུ་བསྒྱུར། དེ་ཕྱིན་ཆད་ནས་སྔར་གྱི་དབང་བཀའ་ལ་རྙིང་པ་དང་།