[A:༨༤བ] ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་གསར་དུ་བསྒྱུར་བ་དེའི་ལུགས་ཀྱི་དབང་བཀའ་ལ་དབང་བཀའ་གསར་མའི་ཐ་སྙད་ཀྱང་གྲགས་པ་ཡིན་ནོ། །དེས་ན་བདག་ཉིད་ཆེན་པོ་ས་པཎ་ལ་གསང་འདུས་འགོས་ལུགས། མར་ལུགས། ཁ་ཆེ་པཎ་ཆེན་གྱི་ལུགས་དང་གསུམ་བཞུགས་པ་ཡིན་ཏེ། འགོས་ལུགས་གསན་ཚུལ་གོང་དུ་བསྟན་ཟིན་ལ། མར་ལུགས་ནི་འཁོན་གད་པ་ཀཱིརྟི་སོགས་ནས་བརྒྱུད་པའི་རིམ་ལྔ་སྟན་ཐོག་གཅིག་མ་སོགས་གསན་པ་ཡིན་ཏེ། རབ་དབྱེར་ཆོས་གསན་ཚུལ་འཆད་པའི་སྐབས་སུ། རིམ་ལྔ་སྟན་ཐོག་གཅིག་མ་དང་། །ཞེས་གསུངས་པས་སོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་རང་ཉིད་ཀྱིས་རྟོགས་པའི་བརྒྱུད་འཛིན་ཚོགས་གྲུབ་དབོན་གསུམ་གྱི་དབོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་དང་། འོད་ཟེར་ཤཱཀྱ་གཉིས་ལ་གནང་ཞིང་། ཆོས་རྒྱལ་འཕགས་པས་ལུགས་འདིའི་དཀྱིལ་ཆོག་ཀྱང་མཛད་དེ་ཞིང་དཀོན་མཆོག་དཔལ་བ་ལ་གནང་། དེ་ཉིད་ནས་ངོར་ཆེན་ཀུན་དགའ་བཟང་པོའི་བར་དབང་བཀའ་རྙིང་མའི་བརྒྱུད་པ་དང་འདྲ་ལ། ཡང་འོད་ཟེར་ཤཱཀྱས་ཀྱང་ལུགས་འདིའི་སྒྲུབ་ཐབས་ཤིག་མཛད་ཅིང་། དེ་ཉིད་ཀྱིས་ཁའུ་པ་དར་མ་ཤེས་རབ་ལ་གནང་། དེས་སེ་མོར་པ་རིན་ཆེན་དཔལ་བྱ་བ་ལ། དེས་བླ་མ་རྭ་གཉིས་པ་རིན་ཆེན་རྒྱལ་མཚན། དེས་ཆོས་རྒྱལ་འཕགས་པའི་སློབ་མ་སྤྲོ་ལུང་པ་ཀུན་དགའ་སྨོན་ལམ་ལ་གནང་། འདིས་ཀྱང་འདུས་པ་ས་ལུགས་ཀྱི་སྒྲུབ་ཐབས་མཛད་ཅིང་། དེ་ཉིད་ཀྱིས་བླ་མ་དོན་རིན་གྲགས་ཆེན་ལ་གནང་། དེ་ནས་འཕགས་འོད་སོགས་གོང་མར་འགོས་གཉིས་ཀྱི་སྐབས་སུ་བསྟན་པ་ལྟར་ཡིན་ནོ། །དེ་ལྟར་འདུས་པའི་ཆོས་སྐོར་རྒྱ་མཚོ་ལྟ་བུའི་ནང་ནས་རང་