R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥ན
[A:༨༥ན]ཉིད་ཀྱིས་ནོས་པའི་ཚུལ་མདོ་ཙམ་ཞིག་བརྗོད་ན། གསང་འདུས་ལུགས་གསུམ་གྱི་མི་བསྐྱོད་རྡོ་རྗེའི་སྨིན་བྱེད་ཀྱི་དབང་ནི་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ལས་ནོས་པའི་ཚུལ་གོང་དུ་བསྟན་པ་ལྟར་དང་། འདུས་པ་སྤྱན་རས་གཟིགས་དང་། འཇམ་པའི་རྡོ་རྗེའི་དབང་ནི། རྒྱལ་བ་མུས་པ་ཆེན་པོ་ནས་བརྒྱུད་པ་མཁན་ཆེན་ཐམས་ཅད་མཁྱེན་པའི་དྲུང་དུ་ནོས་པའི་ཚུལ་འོག་ནས་འབྱུང་བ་ལྟར་ཡིན་ལ། བསྐྱེད་རིམ་གྱི་བཤད་པ་དང་། རྫོགས་རིམ་ཟབ་མོ་རིམ་ལྔའི་ཁྲིད། རྒྱུད་རྒྱུད་འགྲེལ་དང་བཅས་པ་གཞན་ཡང་རྒྱ་བོད་ཀྱི་གཞུང་རྣམས་ཀྱི་བཤད་ལུང་སོགས་འདུས་པའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་ཕལ་ཆེ་བ་རྣམས་ནི། ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་གྱི་ཞལ་སྔ་ནས་ཀྱང་བཀའ་དྲིན་ལས་ཉེ་བར་ནོས་པ་ཡིན་ཏེ། དེ་ཡང་ཁོ་བོ་ཅག་གི་ཡོངས་འཛིན་དམ་པ་བུདྡྷའི་མཚན་ཅན་ཉིད་ཀྱིས་སྤྱན་སྔ་འཇམ་པའི་དབྱངས་དཀོན་མཆོག་རྒྱ་མཚོའི་དྲུང་དུ། ཀུན་མཁྱེན་གྱི་སློབ་མ་རྗེ་སངས་རྒྱས་རིན་ཆེན་དང་། པཎ་ཆེན་དབང་ཕྱུག་གྲུབ་པ་གཉིས་ཀྱི་དངོས་སློབ་བདག་ཆེན་ངག་གི་དབང་ཕྱུག་ལས་བརྒྱུད་པའི་རིམ་ལྔ་འགོས་ལུགས་དང་མར་ལུགས་གཉིས་ཀའི་ཁྲིད། དབང་རྒྱུད་མན་ངག་འགྲེལ་པ་འགྲེལ་བཤད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་དེ། རྗེ་དཀོན་མཆོག་རྒྱ་མཚོ་ཉིད་ཀྱིས་ཅི་གསུངས་པའི་བཀའ་ཐམས་ཅད་དང་དུ་བཞེས་པ་ལ་བརྟེན། རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་གྱུར་ཏེ། འཕྲིན་ལས་ཀྱིས་རྒྱ་མཚོའི་གོས་ཅན་དུ་ཁྱབ་པའི་ལེགས་ཚོགས་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཏེ། དེ་ཡང་བདག་གི་རྣམ་འདྲེན་དམ་པ་རྗེ་བཙུན་