R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥བ
[A:༨༥བ]མུས་པ་ཆེན་པོ་འདི་ཉིད་ཀྱིས་བླ་མེད་ཀྱི་དབང་གིས་གཞན་དོན་མཛད་པའི་ཐོག་མ་ཡང་གསང་བ་འདུས་པའི་མི་བསྐྱོད་པའི་དབང་གིས་གཞན་ཕན་འཕྲིན་ལས་ཀྱི་སྒོ་དང་པོ་ཕྱེ་བ་ཡིན་ཏེ། དེའི་ཚུལ་ཡང་སྔོན་རྗེ་དཀོན་མཆོག་རྒྱ་མཚོ་གླིང་དགའ་བདེ་བ་ཅན་དུ་བཞུགས་པའི་སྐབས་ཤིག གསང་འདུས་ཀྱི་ཆོས་སྐོར་དོན་གཉེར་གྱི་སློབ་བུ་ཆེ་བཙུན་མང་པོ་ཞིག་ཕྱོགས་ནས་འདུས་པའི་ཚེ། རྗེ་སྤྱན་སྔ་འཇམ་པའི་དབྱངས་ཀྱི་གསུང་གིས། ད་ལམ་གྱི་གསང་འདུས་དོན་གཉེར་འདིར་འདུས་པ་རྣམས་ལ་ཆོས་རྗེ་ཤངས་པས་དབང་བསྐུར་གྱིས། དེ་ནས་ངེད་ཀྱིས་ཁྲིད་སོགས་སྟོན་པ་ཡིན་ནོ་ཞེས་གསུངས་པའི་བཀའ་བཞིན་སྒྲུབ་པའི་སྟ་གོན་གྱི་ནུབ་མོ་རྗེ་ཉིད་ཀྱི་མནལ་ལམ་དུ། དཀོན་མཆོག་གི་རྟེན་གྱི་དྲུང་དུ་ཟན་རིལ་བརྟག་པ་ཞིག་མཛད་ཀྱིན་འདུག་པ་ན། རིལ་བུ་གཅིག་ཕྱིར་འཐོན་པ་ལ་མེ་འབར་ནས་ཇེ་མཐོ་ཇེ་མཐོར་སོང་སྟེ་མཐར་ནམ་མཁའི་དབྱིངས་སུ་ཐིམ་པའི་མཚན་ལྟས་གསལ་བར་བྱུང་གསུངས། འདི་ནི་རྗེ་བཙུན་བླ་མ་ཉིད་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པས་གདུལ་བྱ་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འདྲེན་ནུས་པའི་མཚན་མ་ཡང་དག་པ་ཡིན་པར་ངེས་སོ། །དུས་དེ་ཙམ་ནས་བཟུང་རྗེ་ཉིད་དགུང་ལོ་བདུན་ཅུ་དོན་བདུན་བཞེས་པ་ཙམ་གྱི་བར་ལ་བགྲང་བ་ལས་འདས་པའི་གདུལ་བྱ་རྣམས་ལ། སྤྱིར་མདོ་སྔགས་ཀྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་དང་། ཁྱད་པར་དཔལ་ལྡན་གསང་བ་འདུས་པའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་བསྐུར་བ་དང་། ཟབ་མོ་རིམ་ལྔའི་ཁྲིད་སྟོན་པ་དང་། དེ་དག་གི་རྒྱབ་རྟེན་རྒྱུད་རྒྱུད་འགྲེལ་དང་བཅས་པའི་བཤད་བཀའ་སོགས་ཀྱི་སྒོ་ནས་ཕ་རྒྱུད་གསང་བ་འདུས་པའི་བསྟན་