R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩ན
[A:༩ན]གཉིས་གསང་བ་འདུས་པའི་རྒྱུད་དུ་བཞེད་པ་གང་ཞིག དེ་གཉིས་རྩ་རྒྱུད་དུ་མི་བཞེད་པའི་ཕྱིར། དེར་མ་ཟད་རྩ་རྒྱུད་དེ་དང་དེའི་བཤད་རྒྱུད་དུ་འགྲོ་བ་ལ། རྩ་རྒྱུད་དེ་དང་དེར་སྦས་པའི་དོན་གཅིག་བསྟན་པ་ལ། སྟོན་པ་ཉིད་ཀྱིས་ཕྱིས་དོན་དེ་སྟོན་པའི་ཕྱིར་དུ་ཆེད་དུ་དམིགས་ནས་གསུངས་པ་ཞིག་དགོས་ལ། དེ་ལ་ཡང་མི་གསལ་བ་གསལ་བར་བྱེད་པ་དང་། མ་ཚང་བ་ཁ་སྐོང་བ་སོགས་བཤད་རྒྱུད་དུ་འགྲོ་ཚུལ་ལྔ་ཙམ་གསུངས་པའི་མི་གསལ་བ་གསལ་བར་བྱེད་པས་ན། ཕྱི་མ་འདི་གསང་བ་འདུས་པའི་བཤད་རྒྱུད་དུ་འདོད་དགོས་ལ། མི་གསལ་བ་གསལ་བར་བྱེད་པ་ཡང་ཡིན་ཏེ། རྩ་རྒྱུད་ལེའུ་བཅུ་བདུན་པ་འདིའི་དཀའ་བའི་གནས་ཐམས་ཅད་དྲི་བ་ལྔ་བཅུ་རྩ་བཞིར་བསྡུས་ནས་དྲིས་པའི་ལན་ཐམས་ཅད་ལེའུ་བཅོ་བརྒྱད་པ་འདིས་གཏན་ལ་འབེབས་པར་བཤད་པའི་ཕྱིར་ཞེས་བཤད། བུ་སྟོན་གྱི་གསུང་རབ་ཁ་ཅིག་ལས། གསང་བ་འདུས་པ་ལ་རྩ་རྒྱུད་ལེའུ་བཅུ་བདུན་པ། བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། དགོངས་པ་ལུང་སྟོན། རྡོ་རྗེ་ཕྲེང་བ། ལྷ་མོ་བཞིས་ཞུས། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། གཉིས་མེད་རྣམ་རྒྱལ། རྒྱུད་ཕྱི་མ། ལྷའི་དབང་པོས་ཞུས་པ། སྒྱུ་དྲྭ་རྣམས་ཏེ་རྩ་བཤད་ཀྱི་རྒྱུད་བཅུར་བཤད་པ་དང་། ཡང་བུ་སྟོན་རིན་པོ་ཆེའི་རིམ་ལྔའི་ཁྲིད་ཡིག་ལས། བཤད་རྒྱུད་བཞིའམ་བརྒྱད་ཀྱིས་བཀྲལ་བ་ཞེས་གསུངས་ནས་འཕགས་ལུགས་ལ་ཡང་རྩ་བ་དང་། དེའི་བཤད་རྒྱུད་བརྒྱད་ཀྱི་རྣམ་གཞག་མཛད་དེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། དགོངས་པ་ལུང་སྟོན། རྡོ་རྗེ་ཕྲེང་བ། ལྷ་མོ་བཞིས་ཞུས་དང་བཞི། དེའི་སྟེང་དུ་ཡེ་ཤེས་