[A:༨༦ན]པ་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་མཛད་ཅིང་། ལྷག་པའི་ལྷ་འདི་ཉིད་ཀྱི་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་དང་། གསང་སྔགས་ཀྱི་བཟླས་བརྗོད་རྣམས་ཀྱང་ཇི་སྲིད་མཚན་མ་བརྙེས་ཀྱི་བར་དུ་ཐུགས་ཉམས་སུ་བཞེས་པ་ལ་བརྟེན། ཞིང་སྐྱོང་ཙ་ཏུརྨུ་ཁ་འདི་ཉིད་རྗེ་ཉིད་ཀྱི་བྲན་བཞིན་དུ་བཀའ་ཉན་ཅིང་འཕྲིན་ལས་སྒྲུབ་པའི་ངོ་མཚར་བའི་རྣམ་ཐར་མང་དུ་ཡོད་དེ། དེ་ཡང་རྗེ་འདི་ས་སྐྱར་ཕེབས་པའི་སྐབས་ཤིག་གདན་སའི་མགོན་ཁང་གོང་འོག་དང་། ཁའུ་སྐྱེད་ལྷས་སོགས་སུ་གནས་མཇལ་མཛད་དུས་ཁའུ་བྲག་རྫོང་དུ་ཉི་མ་གསུམ་གྱི་བར་ལ་མཆོད་གཏོར་རྒྱ་ཆེན་པོ་མཛད་པས། དེའི་ཉི་མ་དང་པོའི་ཉིན་གཏོར་ཚོགས་ཀྱི་སྟེང་གི་ནམ་མཁའ་ལ་རལ་གྲི་མེ་འབར་བ་ཞིག་འདུག་པ་མངོན་སུམ་དུ་གཟིགས་ཤིང་། ཉི་མ་བར་མའི་ཉིན་འཕགས་པ་བྲག་ཕུག་ན་ཐུགས་དམ་ལ་བཞུགས་དུས། བར་སྣང་ལ་བྲམ་ཟེ་དཀར་པོ་ཞིག་ཕར་འགྲོ་ཚུར་འགྲོ་བྱེད་པ་མངོན་སུམ་དུ་གཟིགས་ཞེས་རྗེ་ཉིད་ཀྱི་གསུང་ལས་ཐོས་ཤིང་། ཆོས་སྐྱོང་བྲམ་ཟེའི་གཟུགས་ཅན་ཉིད་མངོན་སུམ་དུ་གཟིགས་པའི་སྐབས་དེར་གཞན་ཡང་གཟིགས་སྣང་ཁྱད་པར་ཅན་དུ་མ་བྱུང་བར་ངེས་ལ། ཞིང་སྐྱོང་ཆེན་པོ་འདི་ས་སྐྱ་པའི་ཆོས་སྐྱོང་གཞན་རྣམས་ལས་ཀྱང་རྗེ་ཉིད་ལ་ལྷག་པར་འགོ་བས། བདག་གི་བླ་མ་འདི་དང་མི་ལ་མི་ལབ་པའི་ཚུལ་གྱིས་བྲན་བཞིན་དུ་འཁོལ་བའི་རྣམ་ཐར་མང་དུ་ཡོད་ཀྱང་། ཁོ་བོས་རྗེ་འདིའི་རྣམ་ཐར་ལོགས་སུ་བཀོད་པ་རྣམས་སུ་ཐུན་མོང་དུ་བརྗོད་རུང་བ་རྣམས་ནི་རྒྱས་པར་བྲིས་ཟིན་ཅིང་། ཐུན་མོང་མ་ཡིན་པ་དག་ནི་ཆོས་སྐྱོང་གཉན་པས་བྲི་བར་མ་ནུས་སོ། །དེ་ལྟར་ཞིང་སྐྱོང་ཆེན་པོ་འདི་རྗེ་བླ་མ་