[A:༨༦བ]འདི་ལ་ཆོས་སྐྱོང་གཞན་ལས་འགོ་བ་ཡང་། ཞིང་སྐྱོང་འདི་གཙོ་བོར་གསང་བ་འདུས་པའི་བསྟན་བསྲུང་ཡིན་པས། རྗེ་འདི་འདུས་པའི་བསྟན་འཛིན་བླ་ན་མེད་པ་ཡིན་པའི་གཏན་ཚིགས་ཡང་དག་པ་ཡིན་ལ་དེ་ལྟ་བུའི་བདག་གི་བླ་མ་དམ་པ་ཡོངས་འཛིན་འབྲེལ་ཚད་དོན་ལྡན་འདི་ཉིད་ཀྱི་ངོ་མཚར་བའི་རྣམ་པར་ཐར་པ་རྒྱས་པ་ནི་དོན་ཚན་བཅུ་གསུམ་གྱི་སྒོ་ནས་ཞིབ་ཏུ་བསྟན་པའི་རྗེ་འདིའི་རྟོགས་བརྗོད་རྒྱས་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དང་། འབྲིང་པོ་བྱིན་རླབས་དགོས་འདོད་ཀུན་འབྱུང་བྱ་བ་དང་། བསྡུས་པ་ངོ་མཚར་ཨུཏྤ་ལའི་ཆུན་པོ་རྣམས་སུ་ལེགས་པར་བཤད་པ་ལས་ཁོངས་སུ་ཆུད་པར་བྱའོ། །དེ་ལྟར་ཡོངས་འཛིན་དམ་པ་དེ་ཉིད་ཀྱིས་ཁོ་བོ་ཅག་ལ་ཟབ་རྒྱས་ཀྱི་དམ་པའི་ཆོས་ཀྱི་བཀའ་དྲིན་ཚད་མེད་པས་བསྐྱངས་ཤིང་། ཐུགས་རྗེའི་སྤྱན་རས་ཀྱིས་བུ་གཅིག་པའི་མ་བཞིན་རྗེས་སུ་བཟུང་བ་ལ་བརྟེན། རྗེ་དེ་ཉིད་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་སྤྲོ་བསྡུའི་བྱེད་པོར་ངེས་པའི་ཤེས་པ་སྙིང་ནས་རྙེད་དེ། འདི་ཕྱིའི་དོན་ཐམས་ཅད་མགོན་པོ་དེ་ཉིད་ཀྱི་ཐུགས་རྗེ་ལས་གཞན་དུ་རེ་བའི་ཡིད་གཉིས་ཅུང་ཟད་ཀྱང་མེད་པའི་གང་བྱུང་གཅིག་ཆོག་རྒྱལ་པོ་བླ་མའི་ཐུགས་རྗེ་དང་བྱིན་རླབས་ལས་བྱུང་བར་བློ་ཐག་ཆོད་པ་འདི་ཡང་འདྲེན་པ་དམ་པ་གང་གི་བྱིན་རླབས་སྙིང་ལ་ཞུགས་པའི་དགེ་མཚན་ལས་བྱུང་བ་ཡིན་ནོ། །དེ་ཡང་ཁོ་བོ་ཅག་རྗེ་འདི་དང་མཇལ་བའི་ཚུལ་ནི་རང་ཉིད་ལོ་གཞོན་ནུའི་དུས་གྲུབ་ཐོབ་གོང་མའི་རྣམ་ཐར་འགའ་ཞིག་མཐོང་བའི་རྐྱེན་བྱས་ནམ་འཆི་ཆ་མེད་ཀྱི་ཚེ་ཐུང་འདི་ལ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱ་སྙམ་པ་དང་། ཡང་ན་འཆད་ཉན་དང་། ཐུགས་དམ་སྤེལ་མར་བྱས་ཏེ། མི་ཚེ་སྟོང་ཟད་དུ་མ་སོང་བ་ཞིག་ཅིས་ཀྱང་བྱ་སྙམ་