R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༧ན
[A:༨༧ན]པ་དང་། དེ་དག་གང་བྱེད་ཀྱང་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་མ་མཇལ་ན་ཐབས་མི་འདུག་སྙམ་པ་སོགས་ཆོས་ཀྱི་སྣང་བ་མི་ཆུང་ཙམ་ཡོད་ཅིང་། ལྷག་པར་རྗེ་བཙུན་བསླུ་མེད་དམ་པ་ཉིད་ཀྱི་རྣམ་པར་ཐར་པ་ཅུང་ཟད་ཐོས་པའི་མོད་ལ་སྙིང་ནས་མཇལ་འདོད་ཀྱི་འདུན་པ་ཁ་ཞེ་མེད་པ་ཡང་ཡང་སྐྱེས་པ་དང་། རྗེ་འདི་ལ་ཆོས་ཐོབ་པ་དང་སྐུ་དྲུང་ནས་འོང་བ་ཡིན་ཟེར་བ་རྣམས་དང་འཕྲད་དུས་ཁྱེད་རྣམས་རེ་དགའ་བླ་མ་སངས་རྒྱས་དེ་ལྟ་བུ་དང་མཇལ་འདུག་སྙམ་པ་དང་། ལྷག་པར་འཇམ་པའི་དབྱངས་མཐུ་སྟོབས་དབང་ཕྱུག་རྗེ་འདིའི་ཞབས་དྲུང་དུ་རབ་བྱུང་དང་། དབང་རྗེས་གནང་མང་པོ་ཞུས་ནས་ཕེབས་བྱུང་སྐབས། རྗེ་འདིའི་རྣམ་ཐར་འདྲ་གསུངས་བྱུང་པས། བདག་ཀྱང་རྗེ་དང་མཇལ་ནས་ཆོས་ཐོབ་པ་ཞིག་བྱུང་ན་དགའ་བ་ལ་ཞུས་ཤིང་། སྙིང་ནས་ཀྱང་མཇལ་འདོད་ལྷང་ལྷང་ཇེ་འཕེལ་དུ་སོང་བ་ཞིག་བྱུང་། ཡང་རྗེ་ཉིད་ངམ་རིང་དུ་ཕེབས་སྐབས་ཤིག སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་གནང་བ་གྲུབ་ནས། རྩ་བརྒྱད་པ་འཚོ་བྱེད་ལྷ་འབྱོར་གདན་ས་ཆེན་པོར་སླེབ་བྱུང་བའི་ལག་པར་དཔུང་སྐུད་ཅིག་འདུག་པ་ལ། ཁྱེད་ཀྱིས་ཉེ་སྟབས་དབང་སུ་ལ་ཞུས་སྨྲས་པས། རྗེ་མུས་ཆེན་ལ་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་ཐོབ་པ་ཡིན་ཟེར་ཞིང་། རྗེའི་རྣམ་ཐར་འགའ་ཞིག་འཕྲོས་བྱུང་བས། ངེད་ཀྱང་བླ་མ་སངས་རྒྱས་དེ་དང་མཇལ་ནས་ཆོས་ཐོབ་པའི་དུས་ཤིག་ཨེ་ཡོང་ན་ཞེས་པ་ངག་ནས་ཀྱང་ཤོར་ཞིང་ཡིད་ལ་ཡང་བྱུང་བ་ཡིན་ལ། དེ་ནས་སྐབས་ཤིག་བདག་ལ་བཀའ་དྲིན་མཆོག་ཏུ་ཆེ་བའི་མ་ཅིག་ལྷ་སྲས་བསོད་ནམས་རྒྱལ་མོ་དེ་ཉིད་ངམ་རིང་དུ་མི་དབང་ཆེན་པོ་མཇལ་བ་ལ་ཕེབས་པའི་སྒོ་དོད་སོང་བ་ན།