[A:༨༧བ]དེར་སྐབས་རྗེ་མུས་ཆེན་ཉིད་ཀྱང་ངམ་རིང་ན་བཞུགས་སོ་ཞེས་ཐོས་བྱུང་བས་བདག་གི་བསམ་པ་ལ་ད་ལྟ་གངས་ཅན་གྱི་ཁྲོད་ན་དགེ་བའི་བཤེས་གཉེན་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མ་ལུས་པའི་མངའ་བདག་ཏུ་གྱུར་ཅིང་། ལྷག་པར་དད་ལྡན་གྱི་སློབ་བུ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་ཞིང་། མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ་བའི་སྐྱེས་བུ་རྗེ་མུས་ཆེན་ཁོ་ན་ལས་གཞན་མེད་དོ་ཞེས་དཔྱོད་ལྡན་གཟུར་གནས་མང་པོའི་ངག་ལས་ཐོས་ཤིང་། རང་ཡང་སྙིང་ནས་ཡིད་ཆེས་པ་ལ་བརྟེན། ད་ནི་ཁོ་བོ་ཅག་འདི་ཕྱི་བར་དོ་གསུམ་གྱི་སྐྱབས་གནས་དང་འདྲེན་པ་ཞུ་བའི་བློ་རྩེའི་གཏད་མཚམས་ཀྱི་ཡུལ་སྔར་གྱི་བླ་མ་འཇམ་པའི་དབྱངས་སྐུ་མཆེད་ཞལ་རྣམ་པ་གཉིས་དང་། རྗེ་བླ་མ་འདི་ཁོ་ན་ལས་གཞན་མེད་པར་རྟོགས་ནས་བཀའ་དྲིན་ཅན་གྱི་མ་གཅིག་ལྷ་སྲས་བསོད་ནམས་རྒྱལ་མོ་བརྒྱུད་པའི་བདག་གིས་རྗེ་འདི་ལ་ཞུ་ཡིག་ཕུལ་བའི་དོན་འབྲས་ལ། བདག་ཚེ་ཧ་ཅང་མི་རིང་བ་ཞིག་བྱུང་ན་ཐོས་བསམ་རྒྱ་ཆེར་བྱས་པ་ལ་དོན་མི་འདུག་པས་ཚེ་རིང་ཐུང་འོང་དང་། ཐོག་མ་མདོ་སྔགས་གང་ལ་སྦྱང་ན་ལེགས་དང་། དབུ་ཞྭ་སོགས་སྐུ་དྲེག་ཕོག་ངེས་པའི་ན་བཟའ་ཞིག་བྱིན་རླབས་རྟེན་དུ་གནང་བ་དང་། སེམས་ལ་ཕན་པའི་གསུང་མགུར་བསླབ་སྟོན་ཞིག་གནང་དགོས་ཞུས་པས། དེའི་ལན་དུ་ཐུགས་དམ་གསུང་ཤོག་འདི་བཞིན་གནང་བྱུང་སྟེ། འཇམ་དབྱངས་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞབས་དྲུང་དུ་ཞུ་བ། སྐུ་གསུང་ཐུགས་རབ་ཏུ་དྭངས་ཤིང་དཀར་ཕྱོགས་དགེ་བ་ལ་མངོན་པར་བརྩོན་པའི་སྐབས། ཐུགས་དམ་བཀའ་ཤོག་