[A:༨༨ན]དམ་རྫས་ཀྱི་གནང་སྦྱིན་དང་བཅས་སྤྱི་བོར་ཕེབས་པས་བཀའ་དྲིན་ཆེ་ལགས། སྐུ་ཕྱྭ་བཏབ་པས་སྐུ་ཚེ་རིང་པོ་ཡོང་བར་གདའ། ཐུགས་སྦྱོང་སྔོན་མ་གང་མཛད་པ་དགའ་བཏབ་པས་མདོ་མཛད་པ་དགའ་བར་གདའ། ཐུགས་སྦྱོང་མཛད་གོང་མི་གཡོ་བ་དཀར་པོའི་བསྙེན་པ་ཞིག་གནང་ན་དགའ་བ་གདའ་ལགས། ཐུགས་དམ་སློབ་གཉེར་ལ་སོགས་པ་མཛད་ནའང་ཐུགས་རྩེ་དཀོན་མཆོག་ལ་གཏད། ངེས་འབྱུང་དྲག་པོའི་སྒོ་ནས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱིས་བསམ་པས་མཛད་དགོས་ཏེ། རྗེ་ས་པཎ་གྱིས། མདོར་ན་ཆོས་ཀྱི་ཅི་བྱེད་སོམ། །སངས་རྒྱས་བྱེད་ན་ཆོས་བཞིན་གྱིས། །ཞེས་གསུངས། མུས་ཆེན་སེམས་དཔའ་ཆེན་པོའི་ཉམས་སུ་ལེན་པའི་ཆོས་ལ། བློ་སྙིང་བྲང་གསུམ་གཏད་ནས། །སེམས་སྣང་ཆོས་སུ་བསྲེས་ཤིག །འདི་ཕྱི་བར་དོ་གསུམ་དུ། །འདི་ཡི་བསླུ་བ་མེད་པས། །མ་ནོར་ལམ་ལ་འབུངས་ཤིག །ཅེས་གསུངས་པ་སོགས་མང་དག་གདའ་ནའང་ཡི་གེ་མང་དོགས་མ་བྲིས་ལ། མདོར་ན་སྔ་མུ་ལྟར་ཐུགས་དམ་ཐུགས་སྦྱོང་རལ་མེད། བསྟན་པ་དགོངས་ནས་མཁྱེན་མཁྱེན། ཞུ་ཡིག་གཟིགས་རྟེན་ཚེ་མདུད་ལ་རྒྱ་མཛེས་ཕུལ། ཞྭ་མོ་སོགས་བདག་གི་དྲི་ཕོག་པས་འབུལ་མ་ནུས་ཞེས་གསུངས་པ་འདུག་པ་མཐོང་བའི་མོད་ལ། རྗེ་དེ་ཉིད་ལ་མཇལ་འདོད་དང་ཆོས་ཐོབ་འདོད་ཀྱི་བློ་མེ་འབར་བ་ལ་ཤིང་བསྣན་པ་ལྟར་ཇེ་འཕེལ་དུ་གྱུར་པ་ཞིག་བྱུང་ལ། དེ་ནས་དུས་ཧ་ཅང་མི་རིང་བ་ཞིག་ལོན་པ་གླང་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞིའི་ནུབ། བདག་གི་བཀའ་དྲིན་ཅན་གྱི་ཡུམ་དེ་ཉིད་གློ་