R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨བ
[A:༨༨བ]བུར་དུ་གཤེགས་པ་ལ་བརྟེན། ཡིད་ལ་བཟོད་ཐབས་མེད་པའི་ཟུག་རྔུ་དྲག་པོས་ཀུན་ཏུ་གཟིར་ཞིང་། གང་ལ་ཡང་སྙིང་པོ་མེད་པར་རྟོགས་པའི་ངེས་འབྱུང་དྲག་པོས་ཚེ་འདི་བློས་གཏང་གི་སྒྲུབ་པ་ཞིག་བྱེད་འདོད་ནས། སྔ་གོང་ཞིག་རྗེ་བཙུན་གྱི་སྐུ་འདྲ་མཛེ་ཐོད་མའི་དྲུང་དུ་མཆོད་པ་རྒྱ་ཆེན་དང་བཅས་གསོལ་བ་བཏབ་ནས་ལུང་བསྟན་ཞུས་པ་ལ། འབྲེལ་ཚད་དོན་ལྡན་གྱི་བླ་མ་རྗེ་མུས་ཆེན་ཉིད་དང་མཇལ་བ་ཞིག་འོང་མི་འོང་དང་། ཚེ་འདི་བློས་གཏང་གི་སྒྲུབ་པ་ཞིག་བྱས་ན་བར་སྣང་ལ་འཕུར་ནུས་པའི་གྲུབ་ཐོབ་ཅིག་འོང་མི་འོང་དང་། ཡང་ཚེ་འདིར་བཤད་སྒྲུབ་སྤེལ་མར་བྱས་ན་བར་དོར་འབྲས་བུ་འགྲུབ་པ་ཞིག་འོང་མི་འོང་རྣམས་ལུང་བསྟན་ཞུས་པས། ལུང་བསྟན་མི་བཟང་བ་མ་བྱུང་ཞིང་། དེ་མཐུན་གྱི་མ་གཅིག་ལྷ་སྲས་བསོད་ནམས་རྒྱལ་མོ་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་མ་ཐག་པའི་སྐབས་དེར། རྗེ་ཉིད་ཀྱི་དྲུང་དུ་ལམ་སྟོན་གྱི་ཆས་རྣམས་ཕུལ་བ་དང་བཅས་ཞུ་ཡིག་ཕུལ་བའི་དོན་འབྲས་ལ་སྔར་རྗེ་བཙུན་གྱི་སྐུ་བརྙན་དྲུང་དུ་ལུང་བསྟན་ཞུས་པའི་རྣམ་གྲངས་རྣམས་དང་། ལྷག་པར་བཀའ་དྲིན་ཅན་གྱི་ཡུམ་དེ་གང་དུ་འཁྲུངས་ཡོད་རྣམས་ལུང་བསྟན་གསལ་ཁ་ཅན་ཞིག་དགོས་ཚུལ་ཞུས་པ་ན། དེའི་ལན་དུ་ཐུགས་དམ་གསུང་ཤོག་འདི་བཞིན་གནང་བྱུང་སྟེ། འཇམ་དབྱངས་རིན་པོ་ཆེའི་ཞབས་དྲུང་དུ་ཞུ་བ། སྐུའི་དཀྱིལ་འཁོར་མངོན་པར་མཐོ་ཞིང་ཐོས་བསམ་སྒོམ་གསུམ་ལ་ཐུགས་བརྩོན་པར་བཞུགས་སྐབས་ནས། གསུང་ཤོག་གོས་གསེར་མ་དང་བཅས་གནང་བ་ཐུགས་ལ་བཏགས། ཡུམ་རིན་པོ་ཆེ་ཆོ་འཕྲུལ་གྱི་ཚེས་བཅོ་ལྔ་ལ་སྐུ་ཚེའི་ཚད་རྫོགས་པ་ལྟར་མཛད་ནས་གཤེགས་པ་དེ་བྱ་བ་ཁམ་ཅན་བྱུང་འདུག་ལགས་ཀྱང་། འདི་ལྟར་སྐྱེས་པ་ཐམས་