R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༠བ
[A:༩༠བ]རེ་འབྱམས་འགྲོ་བ་དང་བསྟུན་ནས་གསུང་ལས། མདོ་རྒྱུད་བསྟན་བཅོས་རྣམས་ལས་དེ་བཞིན་དུ་འབྱུང་བས། དེ་བཞིན་དུ་བསྒོམས་ན། སྲིད་པ་ཧྲུལ་པོར་འཇིག་པ་ལ་ཚེགས་མེད། ཅེས་ཉམས་ལྡན་གྱི་ཚིག་འགའ་གསུངས་པའི་ཚེ། དེ་མ་ཐག་ཆོས་དང་བླ་མ་ལ་ངེས་ཤེས་ཁྱད་པར་ཅན་དབང་མེད་དུ་སྐྱེ་བ་དང་། གསུང་རབ་ལ་སྦྱངས་པ་མེད་པའི་སྐྱེ་བོ་ཕལ་པ་ཞིག་ཡིན་ཀྱང་། ཞལ་མཐོང་ཞིང་གསུང་ཐོས་པ་ཙམ་གྱིས་སེམས་རྣལ་དུ་ཕེབས་ཅིང་མི་ལུས་ཐེངས་གཅིག་ཙམ་ཐོབ་པ་འདི་དོན་དང་ལྡན་པ་བྱས་སོ་སྙམ་པའི་དགའ་སྤྲོ་ཁྱད་པར་ཅན་བསྐྱེད་པ་དང་། བདག་རང་གི་བསམ་པ་ལ་ཡང་བླ་མ་སངས་རྒྱས་མི་གཟུགས་ཅན་འདི་འདྲ་བའི་དྲུང་དུ་རྒྱུད་སྡེའི་ངེས་གསང་ས་སྐྱ་པའི་ཡབ་ཆོས་ལྷད་མེད་འདི་ལྟ་བུ་ཐོས་ཤིང་ཉམས་སུ་ལེན་པའི་སྐལ་བ་འདི་འདྲ་བ་ཨ་རེ་དགའ་སྙམ་པའི་དད་པ་དང་། སྤྲོ་བ་རང་ཤུགས་ཀྱིས་སྐྱེ་བ་དང་བཅས་རྗེས་སུ་བླ་མ་ཐམས་ཅད་མཁྱེན་པ་བཀའ་དྲིན་ཅན་དེ་ཉིད་བདག་ཅག་སློབ་མ་རྣམས་ཀྱི་དབུས་དེར་སྐུ་མཛེས་ཤིང་ཟིལ་ཆེ་ལ་བག་བྲོ་བ་དེ་དྲང་པོར་བསྲངས་ནས། ཞལ་དཀྱིལ་ཟླ་བ་རྒྱས་པ་འདྲ་བའི་ཨུཏྤལ་ལྟ་བུའི་སྤྱན་གཉིས་ཀྱིས་སློབ་བུའི་ཚོགས་ལ་དལ་བུས་གཟིགས་ཤིང་། དཔལ་གྱི་མགུལ་ནས་འཕྲུལ་གྱི་ལྗགས་བསྐྱངས་ཏེ། དཔལ་གསང་བ་འདུས་པ་ཉིད་ལ་སྐུ་ཚེ་ཧྲིལ་པོ་སྦྱངས་པ་ལྟར་ལུགས་འདིའི་རྒྱས་བཤད་དོན་བསྡུ་དཀའ་གནས་ཀྱི་བཤད་པ་སོགས་གང་མཛད་ཀྱང་དེ་ཁོ་ན་ལ་སྦྱངས་པ་ལྟར་དཔྱོད་ལྡན་ཀུན་གྱི་རྣ་བར་སྙན་ཅིང་སྙིང་ལ་འབབ་པའི་གསུང་ཧ་ཅང་དལ་བ་དང་། བྲེལ་བའི་རྐྱེན་སྤངས་པའི་