R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡ན
[A:༩༡ན]དག་གསལ་སྙན་པའི་སྒོ་ནས་ཉིན་རང་པོ་ཆོས་ཀྱི་གྲྭར་བཞུགས་ཀྱང་སྐྱོ་སུན་ཅུང་ཟད་ཀྱང་མི་སྐྱེ་བའི་ངང་ནས་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་སྨིན་བྱེད་ཀྱི་དབང་ཐོག་མར་སྩལ་ཞིང་། དེ་ནས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྗེ་རྡོ་རྗེ་འཆང་ཡབ་སྲས་ཀྱི་ཟུང་འཇུག་གསལ་བ་དང་། རྗེ་སེམས་དཔའ་ཆེན་པོའི་གསུང་ལ་མང་མཁར་བ་བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་གྱིས་ཟིན་བྲིས་སུ་བཏབ་པའི་ཡི་གེ་གཉིས་ཀྱི་སྟེང་ནས། དཔལ་ལྡན་གསང་བ་འདུས་པའི་ཟབ་ཁྲིད་སྨིན་རྒྱས་སུ་སྩལ་ཏེ། དེའི་རྒྱབ་རྟེན་དུ་རྒྱུད་རྒྱུད་འགྲེལ་དང་བཅས་པ་དང་། རྒྱ་བོད་ཀྱི་གཞུང་རྣམས་ཀྱི་བཤད་པ་དང་ལུང་གི་ཚོགས་ཀྱང་ཞིབ་པར་གནང་སྟེ། རྗེ་བཙུན་གང་གི་གསུང་གི་བདུད་རྩིའི་ཆུ་རྒྱུན་གྱིས་བདག་བློའི་བུམ་པ་ཡོངས་སུ་གང་བར་གྱུར་ཏེ་རབ་དགའི་ས་ཐོབ་པ་ལྟ་བུའི་དགའ་བདེའི་དཔལ་ལ་རང་གཞན་ཀུན་འཁོད་པར་མཛད་པའི་བཀའ་དྲིན་སྩལ་བ་ཡིན་ནོ། །འོ་ན་གོང་དུ་བསྟན་པའི་ས་ལུགས་ཀྱི་དབང་བཀའ་གསར་རྙིང་གཉིས་མི་འདྲ་བའི་ཁྱད་པར་ཇི་ལྟ་བུ་ཞེ་ན། བཤད་པར་བྱ་སྟེ། དབང་བཀའ་གསར་རྙིང་གཉིས་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཀའ་འཁྲུལ་མེད་རྣམ་པར་དག་པ་རེ་ཡིན་པས། དོན་གྱི་ངོ་བོ་ནི་མི་མཐུན་པ་མེད་ལ། འོན་ཀྱང་སྐུར་བྱེད་ཆོ་གའི་གཞུང་ཐ་དད་པར་ཡིན་པ་དང་། བོད་འདིར་སྲོལ་འབྱེད་སྔ་ཕྱི་ཅུང་ཟད་བྱུང་བས། དེ་གཉིས་ལ་གསར་རྙིང་གི་བརྡ་ཆད་ས་ལུགས་ཉིད་ལ་གྲགས་པ་ལྟར་དོན་ལ་གནས་པ་ཡིན་པ་ལས། སྐུར་བྱེད་ཆོ་གའི་གཞུང་ཐ་དད་པ་ཡིན་ཏེ། སྔ་མ་ནི་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོ་ག་ཉི་ཤུ་པ་ལ་བརྟེན་པ་ཡིན་