R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡བ
[A:༩༡བ]ཞིང་། ཕྱི་མ་ནི་ཀླུ་བྱང་གིས་མཛད་པའི་ཆོ་ག་ཉི་ཤུ་པ་དང་། སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པའི་ཟུང་འཇུག་གསལ་བ་ཁ་ཆེ་པཎ་ཆེན་དང་ཆོས་རྗེ་ས་པཎ་གཉིས་ཀྱིས་གསར་དུ་བསྒྱུར་བ་ལ་བརྟེན་པ་ཡིན་པས་སོ། །སྲོལ་འབྱེད་ཀྱང་སྔ་ཕྱི་སོ་སོ་བ་ཡིན་ཏེ། སྔ་མ་ནི་འགོས་ལོ་ཆེན་པོ་དེ་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ལ། ཕྱི་མ་ནི་འགོས་ལོ་ལ་མ་ལྟོས་པར་ཁ་ཆེའི་པཎྜི་ཏ་ཆེན་པོ་མ་བྱོན་སངས་རྒྱས་གསུམ་པ་ཤཱཀྱ་ཤྲཱི་བྷ་དྲ་དང་། ཁ་བ་ཅན་གྱི་བསྟན་པའི་སྒྲོན་མེ་ཆེན་པོ་འཛམ་གླིང་མཁས་པ་ཀུན་གྱི་གཙུག་རྒྱན་དམ་པ་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་བཟང་པོ་གཉིས་ཀྱི་བཀའ་དྲིན་ལས་ཡོངས་སུ་དར་བ་ཡིན་པས་སོ། །དེས་ན་དེ་གཉིས་སྐུར་བྱེད་ཀྱི་ཆོ་ག་མི་འདྲ་བའི་ཁྱད་པར་ནི་ལུགས་ཕྱི་མ་འདིར་འཇུག་པའི་སྐབས་སུ་ལྷ་ངོ་བསྟན་པའི་རྗེས་ཉིད་དུ་དཀྱིལ་འཁོར་དང་ལྷའི་རྣམ་དག་སྟོན་པ་བཤད་ཅིང་ཕྱག་ལེན་ལ་ཡང་མཛད། དབང་དངོས་གཞིར་སྦྱང་བ་རྣམས་ཕལ་ཆེར་རྡོར་ཕྲེང་ལྟར་དང་། མི་བསྐྱོད་པ་ལ་ཆུ་དབང་མི་སྦྱོར་བར་རྣམ་སྣང་ལ་ཆུ་དབང་སྦྱོར་བར་མཛད། དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་རྗེས་ལ། མིག་ཐུར་ཤེར་ཕྱིན་མ་དང་། མེ་ལོང་རྡོ་རྗེ་སེམས་དཔར་བསྐྱེད་ཅིང་མཆོད་བསྟོད། དེ་ཞུ་བ་ལས་བྱུང་བའི་མིག་ཐུར་དང་མེ་ལོང་གི་དབང་བྱེད། མི་བསྐྱོད་པའི་དབང་དང་འབྲེལ་བར་ལུང་བསྟན་སྔོན་ལ་བྱས་ནས། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞེས་སོགས་ཀྱི་དབུགས་དབྱུང་ལ། ཨོཾ་བཛྲ་ས་ཏྭ་སཏྭཾ་སོགས་ཀྱིས་དབང་བསྐུར་བར་མཛད་དོ། གཞན་ཡང་ཕྱག་མཚན་གྱི་སྔོན་དུ་མཎྜལ་དང་། སློབ་དཔོན་