R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན]གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་བྱ་བའི་རྒྱ་དཔེ་ཞིག་འབུལ་མཁན་བྱུང་བས། དེ་ཉིད་བུ་སྟོན་རིན་པོ་ཆེ་ལ་གསེར་གྱི་སྐྱེས་དང་བཅས་ཏེ་བསྲིངས་ནས་རྒྱུད་འདི་ལ་འགྱུར་མཛོད་ཅེས་གསུངས་པ་བཞིན་བུ་སྟོན་གྱིས་བསྒྱུར་བས་མང་ཉུང་། དགྱེས་རྡོར་གྱི་རྩ་རྒྱུད་བརྟག་གཉིས་ཙམ་པ་གཅིག་བྱུང་ནས། དེ་ཉིད་ཀྱི་མཇུག་ཏུ་སྔར་མཁན་ཆེན་ཐར་པ་ལོ་ཙཱ་བའི་ཕྱག་དཔེའི་ཁྲོད་ནས་རྒྱུད་འདིའི་དུམ་བུ་རྙེད་པ་བསྒྱུར་མོད་ཀྱང་། ད་ནི་རྒྱུད་ཀྱི་དཔེ་ཚང་མ་རྙེད་ནས་བསྒྱུར་ཏེ། སྔར་གཉིས་མེད་རྣམ་རྒྱལ་དུ་གྲགས་པ་དེ་རྫུན་མར་ཡང་དག་པར་རྟོགས་པར་བྱ་བའི་ཕྱིར། རིན་ཆེན་གྲུབ་ཀྱིས་བསྒྱུར་ཞེས་གསུངས་ལ། དེ་ལྟ་བུ་རྒྱུད་རྣམ་པར་དག་པ་ནི་ཡིན་ཀྱང་། གསང་འདུས་ཀྱི་རྒྱུད་དུ་ནི་མི་རུང་བ་ཡིན་ནོ། །གཉིས་པ་ལྷའི་དབང་པོས་ཞུས་པ་ཡང་གསང་བ་འདུས་པའི་བཤད་རྒྱུད་དུ་མི་རིགས་ཏེ། འདི་བོད་དུ་མ་འགྱུར་བས་མདོ་རྒྱུད་གང་ཡིན་གྱི་ཤན་ཕྱེད་པ་ཡང་དཀའ་ཞིང་། ཨེ་ཝཾ་མཱ་ཡཱའི་བཤད་པ་བྱུང་བས་རྒྱུད་ཡིན་དུ་ཆུག་ཀྱང་། དེ་ནས་བཤད་པའི་ཨེ་ཝཾ་མ་ཡའི་བཤད་པའི་ལུང་སྒྲོན་གསལ་དུ་དྲངས་པའི་ཆ་ནས་གསང་འདུས་ཀྱི་བཤད་རྒྱུད་ཡིན་ཞེས་དགེ་ལྡན་པ་འདོད་པ་ལ་རྣམ་དཔྱད་ཆེར་མ་བྱུང་སྟེ། ལྷའི་དབང་པོས་ཞུས་པའི་ནང་གི་ཨེ་ཝཾ་གྱི་བཤད་པ་དེས་འདུས་པའི་གླེང་གཞི་ལ་ཕན་པ་ཙམ་ཞིག་ཨེ་ཝཾ་མ་ཡཱ་ཡོད་པའི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ལ་ཕན་པས་ལྷའི་དབང་པོས་ཞུས་པ་འདི་རྒྱུད་ཐམས་ཅད་ཀྱི་བཤད་རྒྱུད་དུ་འགྱུར་ལ། དེ་ལྟར་ན་ནི་ཧ་ཅང་ཐལ་ལོ། །སྒྲོན་གསལ་དུ་ལུང་དྲངས་ཤིང་ཚད་མར་མཛད་པའི་ཕྱིར་ན་གསང་འདུས་ཀྱི་བཤད་རྒྱུད་ཡིན་གསུངས་པ་ཡང་མི་རིགས་ཏེ། འཕགས་པ་ཡབ་སྲས་ཀྱིས་