R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡བ
[A:༡༡བ]གསང་འདུས་འཆད་པའི་སྐབས་སུ། མདོ་རིན་ཆེན་ཕུང་པོ་དང་། བརྒྱད་སྟོང་པ་དང་། སངས་རྒྱས་ཕལ་པོ་ཆེ་དང་། བཟང་སྤྱོད་སོགས་ནས་ལུང་འདྲེན་མཛད་པས་དེ་དག་ཀྱང་གསང་བ་འདུས་པའི་བཤད་རྒྱུད་དུ་འགྱུར་ལ། ཡང་སྒྲོན་གསལ་སོགས་སུ་རྒྱུད་ཕྱི་མ་ནས་ལུང་ལན་ཅིག་མིན་པར་ཡང་ཡང་དུ་དྲངས་ཤིང་དོན་ཡང་དག་པར་བཤད་པའི་ཕྱིར་ན་རྒྱུད་ཕྱི་མ་འདུས་པའི་བཤད་རྒྱུད་ཡིན་གསུངས་པའི་སྒྲུབ་བྱེད་ཀྱང་འཐད་པར་མ་མཐོང་སྟེ། འོ་ན་མ་རྒྱུད་སངས་རྒྱས་མཉམ་སྦྱོར་ཡང་གསང་བ་འདུས་པའི་བཤད་རྒྱུད་དུ་ཁས་ལེན་རིགས་པར་འགྱུར་ཏེ། སྤྱོད་བསྡུས་ལེའུ་ཐ་མ་གསུམ་དུ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་གྱི་ལུང་མང་དུ་དྲངས་ནས་གསང་བ་འདུས་པའི་གང་ཟག་གི་སྤྱོད་པ་བྱེད་ཚུལ་རྒྱས་པར་གསུངས་པས་སོ། །གཞན་ཡང་མྱ་ངན་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་པའི་ཡུམ་གྱི་ལུང་སྤྱོད་བསྡུས་སུ་ཟུང་འཇུག་གི་སྐབས་སུ་དྲངས་ཤིང་དོན་ཡང་དག་པར་བཤད་པ་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་པའི་བཟང་སྤྱོད་ཀྱི་ལུང་དེ་ལུས་དབེན་གྱི་སྐབས་སུ་དྲངས་ཤིང་དོན་བཤད་པས་ན། མདོ་དེ་དག་ཀྱང་གསང་འདུས་ཀྱི་བཤད་རྒྱུད་དུ་འགྱུར་བ་དང་། གཞན་ཡང་འོ་ན་འཇམ་དཔལ་མཚན་བརྗོད་ཀྱང་དུས་འཁོར་གྱི་བཤད་རྒྱུད་ཡིན་པར་ཐལ། དུས་འཁོར་བསྡུས་རྒྱུད་དུ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་ལུང་དུ་དྲངས་ཤིང་དོན་ཡང་དག་པར་བཤད་པའི་ཕྱིར། གསུམ་པ་རྣམ་སྣང་སྒྱུ་འཕྲུལ་དྲ་བ་ཡང་གསང་འདུས་ཀྱི་བཤད་རྒྱུད་དུ་མི་འཐད་དེ། གྲུབ་ཆེན་ཀུན་སྙིང་གི་སྒྱུ་དྲ་གསང་འདུས་ཀྱི་བཤད་རྒྱུད་དུ་བཤད