R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢ན
[A:༡༢ན]པ་ནི་གསང་འདུས་ཡོ་གར་བཀྲལ་བའི་ལུགས་ཡིན་གྱི། གཞན་གསང་འདུས་བླ་མེད་དུ་བཀྲལ་བའི་ཚེ། རྣམ་སྣང་སྒྱུ་དྲ་གསང་འདུས་ཀྱི་བཤད་རྒྱུད་དུ་བཞེད་པའི་རྒྱ་གར་གྱི་གྲུབ་ཆེན་སུ་ཡང་མ་བྱུང་བའི་ཕྱིར་དང་། དེར་མ་ཟད་རྣམ་སྣང་སྒྱུ་དྲ་འདི་ནི་ཕ་རྒྱུད་རང་རྐང་ཐུབ་པ་གཅིག་ཡིན་པར་བཤད་པས་ཀྱང་། གསང་འདུས་ཀྱི་བཤད་རྒྱུད་ཡིན་པར་འདོད་པ་ལ་གནོད་པ་འདི་གསང་བ་འདུས་པའི་བཤད་རྒྱུད་དུ་འདོད་པ་ནི་སུ་དང་ཡང་མི་མཐུན་ནོ། །དེས་ན་གསང་བ་འདུས་པའི་བཤད་རྒྱུད་ལ་བཞི་དང་། ལྔ་དང་། དྲུག་དང་། བརྒྱད་དང་། དགུར་འདོད་པ་སོགས་རྣམ་གྲངས་མང་ན་ཡང་། འཐད་པའི་ཕྱོགས་ནི་གསང་བ་འདུས་པ་སྤྱི་ཙམ་ལ་རྩ་རྒྱུད་ལེའུ་བཅུ་བདུན་པ་དང་། དེ་ཉིད་ལ་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྒྱུད། དགོངས་པ་ལུང་སྟོན། ལྷ་མོ་བཞིས་ཞུས། རྡོ་རྗེ་འཕྲེང་བ། རྒྱུད་ཕྱི་མ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་དྲུག་སྟེ་རྩ་བཤད་ཀྱི་རྒྱུད་བདུན་དང་། འཕགས་པ་ཡབ་སྲས་ཀྱི་ལུགས་ཐུན་མོང་མ་ཡིན་པ་ལྟར་ན་རྩ་རྒྱུད་ནི་ལེའུ་བཅུ་བདུན་པ་དང་། བཤད་རྒྱུད་དང་པོ་བཞི་པོ་དེ་དག་སྟེ་རྩ་བཤད་ཀྱི་རྒྱུད་ལྔ་པོ་འདི་ནི་མེད་ཁ་མེད་ཡིན་ལ། གཞན་རྒྱུད་ཕྱི་མ་འདི་ཡང་གསང་བ་འདུས་པའི་རྒྱུད་དུ་འཕགས་པ་ཡབ་སྲས་བཞེད་པས་འཕགས་ལུགས་ལ་ཡང་བཤད་རྒྱུད་ཙམ་དུ་ཁས་ལེན་དགོས་ཞེས་པཎ་ཆེན་ཉི་ཟླ་སེང་གེས་གསུངས་པ་ཡང་འཐད་པར་སེམས་སོ། །ཡང་ཡེ་ཤེས་ཞབས་ལུགས་པ་ལྟར་ན་རྩ་རྒྱུད་ལེའུ་བཅུ་བདུན་པ། བཤད་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། རྒྱུད་ཕྱི་མ་སྟེ་རྩ་བཤད་ཀྱི་རྒྱུད་གསུམ་དུ་ངེས་ཤིང་། གསུམ་པོ་དེ་དག་མེད་མི་རུང་གི་རྒྱུད་དུ་ཡང་བཞེད་དེ། དེ་